རྫ་ཤུལ་བློ་བཟང་གིས་བརྩམས།
གློག་འོད་འཁྱིལ་བའི་འདུ་ར་ནས།།
སྣང་བའི་ཁ་དོག་མཛེས་པའི་དུས།།
དམིགས་མེད་བརྩེ་བའི་ལྷ་མོ་ཡི།།
འཛུམ་པའི་ཞལ་རས་ཡིད་ལ་འཁོར།།
ཚོར་བ་དབྱངས་སུ་གྱེར་བའི་དུས།།
རིག་བྱེད་ངག་གི་རྒྱུད་མངས་དཀྲོལ།།
མགྲིན་པའི་གདངས་ཀྱི་བར་གསེང་ན།།
ལྷ་མོའི་ལང་ཚོ་རང་བྱོན་ཤར། །
འདུ་འཛི་ཆེ་བའི་གྲོང་ཁྱེར་དུ།།
མི་ཚོགས་སྣ་བརྒྱ་འདུས་པའི་ཁྲོད།།
སྙིང་ཆུང་གཡུ་ཆུང་དྲུག་དཀར་གྱི།།
མཛེས་འཛུམ་བློ་ཡི་དཀྱིལ་དུ་བབས།།
རྗེས་ཆགས་བརྩེ་བའི་བདག་མོ་ཡི།།
ལང་ཚོའི་ཟུར་ཆ་རེ་རེ་ཡང་།།
མཐོང་བའི་བདུད་རྩི་གྱུར་པ་ཡིས།།
ཀུན་ཡིད་ཚིམས་པའི་སྦྲང་མ་བཞིན།།
ཡིད་འོང་བབས་ཆགས་གཞོན་ནུ་མས།།
བྱུ་རུའི་ཕྲ་རྒྱན་མ་བཏགས་ཀྱང་།།
སེམས་ཀྱི་ཕྲ་ཀོང་གོར་མོའི་ནང་།།
ཆ་འགྲིག་ཕྲ་རྒྱན་མེ་ཏོག་ཡིན།།
དབྱངས་ཀྱི་རྒྱུད་སྐུད་སྣུན་པའི་དུས། །
ངག་རིག་པད་མའི་དགའ་ཚལ་དུ།།
ཁྱེད་ཀྱི་དྲི་ངད་ལྡང་བ་ཡིས། །
རྣམ་ཤེས་རླུང་བུའི་འགྲོས་དང་ལྷན།།
མིག་ཟུང་མདངས་ཀྱི་ཨུཏྤལ་ངོས།།
གཟུགས་རིས་རི་མོ་ལྷོད་ཀྱིས་འཆར།།
འདང་བརྩེའི་གཞས་ཆུང་སྙན་མོ་ཞིག།
ཁྱེད་ཀྱི་ཕྱོགས་སུ་ལེན་པར་བརྩམས།།
འཛུམ་པའི་པདྨོ་ལྷོད་ཀྱིས་གྲོལ།།
ཁ་བའི་མེ་ཏོག་བཞད་པ་ལྟར།།
མ་བཅོས་ཉམས་འགྱུར་སྟངས་སྟབས་ཀྱིས།།
ལས་ཀྱི་འཁྲི་ཤིང་ལྡེམ་ལྡེམ་གཡོ།།
རླུང་ལ་བསྐྱོན་པའི་མགུར་ཆུང་དེ།།
སེམས་ལ་བརླན་པའི་ཚོར་བ་ཡིན།།
དབྱངས་ཀྱི་རྩ་མདུད་གྲོལ་བ་དེ། །
ཡིད་ཀྱི་སྡིག་སྒྲིབ་དག་པ་ཡིན། །
ཚིག་གི་དྲ་བ་དྲ་ཕྱེད་ལས།།
རྟོག་པས་བཞེངས་པའི་སྨན་ཆུང་མ།།
སེམས་ཀྱི་ཁང་ཆུང་གྲུ་བཞིའི་ནང་།།
གཟིམ་པ་མེད་པའི་ཞག་སྒྲོན་ཡིན།།
ལས་ཀྱི་མེ་ཏོག་འཐོར་བའི་གནས།།
བརྩེ་བའི་ཨ་ལོང་ཆ་གཅིག་བཞག།
རྒྱ་མཚོ་འཁྱིལ་བའི་འཇིག་རྟེན་དུ།།
གཏན་ཚིག་སྤོས་དཀར་ཞུན་མ་བསྲེས། །
སྲིད་པའི་དངུལ་གྱི་མེ་ལོང་ནང་།།
ཚུལ་མཐུན་སེམས་ཀྱི་གཤིས་དང་མཐུན།།
བསམ་གཏན་སྒོམ་པའི་ཁང་ཆུང་ནང་།།
ལྷ་མོའི་རང་བྱོན་ལི་མ་བསྐོས། །
Leave a Reply