ངའི་ཨ་ཅེ་འབྲོག་ལྷ་སྒེག་མོ།

                     དཀར་མཛེས། སྤྲིན་གྱི་ཕོ་ཉ།

ངའི་ཨ་ཅེ་ལགས་ནི་ཆུང་དུས་ནས་སློབ་གྲྭ་ལ་འགྲོ་མ་མྱོང་པའི་འབྲོག་མོ་དཀྱུས་མ་ཞིག་ཡིན་ཡང་། མཛེས་ཤིང་སྡུག་པའི་ལང་ཚོ་དང་། དཀར་ཞིང་འཇམ་པའི་སེམས་པ་སོགས། མདོར་ན་བུད་མེད་ཅིག་གི་མཛེས་ཆོས་མ་ལུས་པ་ཁོ་མོ་ལ་ཡང་ལྡན་ཡོད། ཨ་ཅེ་དང་ངེད་གཉིས་བར་ལ་ཏག་ཏག་ལོ་བཅུ་རྒྱུགས་པ་ཡིན་ལ། ཨ་ཅེ་ལགས་ལོ་བཅུ་ལ་སོན་པའི་ལོ་དེར། ང་རང་མི་ཡུལ་དུ་གསར་དུ་ཐོན་ཅིང་། ང་རང་ལོ་དགུ་ལ་བསླེབས་དུས། དེ་དུས་རང་ཁྱིམ་གྱི་བྱ་བ་ཆེ་མ་ཆུང་གསུམ་ཚང་མ་ཕུ་བོ་དང་ཨ་ཅེ་གཉིས་ཀྱི་མགོ་ལ་བཞག་འདུག་པས། ཨ་ཕ་དང་། ཨ་མ་གཉིས་ཀྱང་། ཧ་ཅང་ལས་འགན་ལྕི་མོ་ཞིག་འགྲུབ་སོང་བ་བཞིན། འཚོ་བ་ལ་སེམས་ཁུར་ཅི་ཡང་མེད་པར་ངལ་གསོ་ཡིད་ཚིམ་ཞིག་གནང་ནས་འདུག དབྱར་ཁར་ཚེས་བྱུང་པ་ན། ཕུ་བོ་དང་ཨ་ཅེ་གཉིས་ཀྱིས་རྟ་ནོར་ལུག་གསུམ་དེད་ནས་བསང་རྒྱབ་ལ་འགྲོ་དགོས་ལ། མེ་ཏོག་གིས་རི་ལུང་ཁྱབ་པའི་མཛེས་སྡུག་གི་དབྱར་གཞུང་བསྐྱུར་ནས། དབྱར་ཁར་མེ་ཏོག་གི་མཛེས་པ་ཙམ་ཡང་མི་མཐོང་སའི་འཁྱག་ཤུར་ཤུར་གྱི་བསང་རྒྱབ་ལ་འགྲོ་དགོས་པ་ནི་ཅི་འདྲའི་དཀའ་ངལ་ཆེན་པོ་ཞིག་ཡིན་ན་ཡང་། དེ་ནི་ཁོང་གཉིས་ཀྱི་འོས་འགན་ཞིག་ལ་སེམས་ནས། དབྱར་ཁ་ཚེས་ཐེངས་རེ་ལ་ནོར་ལུག་དག་དེད་ནས་བསང་རྒྱབ་ལ་འགྲོ་བ་ཡིན། ད་ཡང་ཕུ་བོ་དང་ཨ་ཅེ་གཉིས་བསང་རྒྱབ་ལ་བུད་སོང་ལ། ཨ་ཕ་དང་ངེད་གཉིས་དེ་རིང་རྫོང་ཐོག་ལ་སོང་ནས། ཕུ་བོ་དང་ཨ་ཅེ་གཉིས་ལ་ལྷམ་ཆ་གཅིག་དང་། འཐུང་ཁུ་དང་། སྟབས་ཐུག་སོགས་ཁོང་གཉིས་ལ་ཉེར་མཁོའི་ཅ་ལག་མང་པོ་ཞིག་ཉོས་ནས་ཁོ་གཉིས་ལ་བལྟ་རུ་འགྲོ་གྲབས་བྱས་པ་ཡིན། ཨ་ཅེ་ནི་ཅུང་ཙམ་ལོ་ན་ཆུང་པའི་ཡིན་ཚོད་སྙམ་སྟེ། ནམ་རྒྱུན་སུ་ཞིག་དབྱར་ས་ལ་འགྲོ་མཁན་ཐོས་ཐེངས་རེར། ངོ་ཤེས་མིན་དང་། སྐྱེས་ཕོ་མོ་དང་སོགས་དབྱེར་མེད་པར་ཨ་ཅེ་ལགས་ཀྱིས་དེ་ལ་སྐད་བསྐུར་ནས།ཨ་མ་བསང་རྒྱབ་ལ་ཁོ་མོ་ལམ་སང་བལྟ་རུ་ཡོང་རོགས་ཟེར་ནས་ཆ་མང་པོ་བཏང་བ་ཡིན། འོན་ཀྱང་། ཨ་ཕ་ལགས་དེ་ལ་སྣང་དོགས་གང་ཡང་མེད་པར་ནམ་རྒྱུན་ཨ་མ་ཤུལ་དུ་བཞག་ནས་ངེད་གཉིས་བསང་རྒྱབ་ལ་འགྲོ་བ་ཡིན། ད་ཐེངས་དངོས་གནས་ཨ་ཕ་ལགས་ཀྱིས་ཨ་ཅེ་ལ་ཨ་མ་མི་དྲན་པའི་ཐབས་ཤེས་ལེགས་པོ་ཞིག་རྙེད་ཡོད་པ་འདྲ་སྟེ། གདོང་ལ་བཅོས་འཛུམ་ཞིག་འཆར་བཞིན། ཤོག་སྒམ་གྲུ་བཞི་མ་དེའི་ནང་ནས་ཉེ་སྔོན་མཐོང་མ་མྱོང་བའི་བརྙན་འཕྲིན་ཚད་དང་རན་པ་ཞིག་བླངས་ནས། འདི་བུ་མོའི་བློར་འབབ་ནོ་ཁོ་ཐག་ཡིན་ཟེར་བཞིན གླུ་ལས་ཀྱང་དགྲ་འཛིང་ལས་མང་བའི་ཟེེར་སྡེེར་བརྒྱ་ཕྲག་འགའ་བཅུག་ནས་སང་ཉིན་ཁྱེར་རྒྱུར་ལྟ་གོན་བྱས། ཕྱི་ཉིན་སྐྱ་རེངས་མ་ཤར་བའི་ཡར་སྔོན་དུ་ཨ་ཕ་དང་ངེད་ཚོ་བསང་རྒྱབ་ལ་འགྲོ་བར་བརྩམ་པ་ཡིན། བསང་རྒྱབ་ལ་འགྲོ་བར། ཀྱག་ཀྱོག་དང་། འབར་འབུར། ལ་ལུང་སོགས་མང་པོ་ཞིག་བརྒལ་ནས་འགྲོ་དགོས་ལ། དེ་རུ་རླངས་འཁོར་དང་འཕྲུལ་རྟ་སོགས་འགྲོ་སའི་ལམ་གང་ཡང་མེད་པས། ཨ་ཕ་དང་ངེད་ཚོ། སོང་ན་ཧ་ཅང་དལ་བའི་བཞོན་རྟ་ལ་བཞོན་ནས་ལམ་ཐག་རིང་མོ་བསྐྱོད་པ་ཡིན། ང་རང་ལོ་ན་ལྔ་དྲུག་ཡིན་དུས་ཨ་ཕས་ང་རུམ་ནས་འདི་ཕྱོགས་སུ་ལན་གྲངས་དུ་མར་ཡོང་ཚོད་འདུག་ལ། འོན་ཀྱང་ངས་ཅི་ཡང་དྲན་ཐུབ་གི་མི་འདུག དེ་རིང་གི་ལམ་ཁ་ནི་ང་ལ་མཚོན་ནས་བཤད་ན་ཧ་ཅང་རྒྱུས་མེད་ཅིག་རེད་འདུག ས་ཡོངས་སུ་རུབ་ལ་ཉེ། མར་ཁུའི་ཁ་དོག་དང་འདྲ་བའི་ཕྱི་དྲོའི་ཉི་མ་དེས། ནང་སེམས་ཀྱི་མཛེས་པ་མཐའ་དག་ས་གཞི་ལ་གནང་སྟེ་ཡོད་ཚད་སེར་ལམ་མེལ་གྱུར་འདུག ཨ་ཕས་མདུན་ཕྱོགས་སུ་གྱེར་ཏེ། ཨ་ཕས་ཞི་ལུ། ཁྱེད་རང་ཐང་ཆད་ཀི་འདུག་གམ།མདུན་ལ་ལྟོས་དང་། རྩེ་མོ་ནམ་མཁའ་ལ་ཟུག་པའི་རི་བོ་འདི་བརྒལ་རྗེས་སུ་འུ་ཚོ་ཐོན་ཚར་པ་ཡིན་ཟེར། ངེད་ཚོ་རི་རྒྱབ་ལ་སླེབས་དུས། གསེེར་མདོག་གི་ཉི་མས་ས་གཞི་ལ་གྱེས་བརྡ་བཏང་ནས་ཚང་ལ་ཕེབས་ཟིན་འདུག ཡོད་ཚད་མག་མོག་ཏུ་འགྱུར་བཞིན་པའི་རི་བོ་དེ་ཡོངས་སུ་བརྒལ་རྗེས། ནང་སེམས་ཀྱི་སྒོ་མོ་ཕྱེས་པ་འདྲ་བའི་ཡངས་ཤིང་རྒྱ་ཆེ་བའི་བསང་རྒྱབ་ལ་ཐོན་སོང་། རྒྱ་ཆེ་བའི་ས་གཞི་འདིར་རྟ་ནོར་ལུག་གསུམ་གྱིས་གང་འདུག་ལ། རྟ་མཆོག་གི་འཚེར་སྐད་དང་། ནོར་ནག་གི་ངུར་སྒྲ། གཡང་ལུག་གི་འབའ་སྒྲ་སོགས་ཡོངས་སུ་ཐོས་པ་ན། དངོས་གནས་ནང་སེམས་ལ་བརྗོད་མི་ཚར་བའི་བདེ་ཚོར་ཡ་མཚན་ཞིག་སྟེར་སོང་། ངེད་ཚོ་རི་རྒྱབ་སུ་སླེབས་པ་དང་དུས་མཚུངས་སུ། ཨ་ཅེ་ནི་ལོ་ན་བཅུ་ལ་མ་སོན་པའི་བྱིས་པ་ཞིག་ཨ་མའི་རྒྱུད་ལ་དགའ་དུང་གིས་རྒྱུགས་པ་བཞིན། ངེད་ཚོའི་རྒྱུད་ལ་བྲེལ་གྱིས་རྒྱུགས་བྱུང་། རྒྱུད་ལ་ཐོན་ནས་ཅུང་ཙམ་འགོར་རྗེས། མིག་ཟུང་ནས་གཉོམ་འདང་རྒྱས་པའི་མཆི་མ་ཞིག་དལ་གྱིས་མགྲིམ་པ་ནས་ས་ལ་ཟེགས་བྱུང་། ཨ་ཅེས། ཨ་མ་ང་ལ་ལྟ་རུ་མ་ཡོང་པ་ཨེ་རེད་ཟེར་བཞིན། གཉོམ་འདང་རྒྱས་པའི་མིག་ཟུང་ལས་མཆི་མ་ཡང་ཡང་བཏང་།འོན་ཀྱང་། ཨ་ཕའི་སྤྱན་མིག་ལས་སྐྱོ་ལྷང་ལྷང་གི་ཉམས་འགྱུར་ཅི་ཡང་མེད་པར། ཞོན་འདུག་པའི་རྟ་རྒོད་ལ་ཨོང་ལྡེབ་ཞིག་བྱེད་བཞིན་ཕུ་བོ་དང་ཨ་ཅེ་གཉིས་ཀྱི་སྡོད་གནས་ལ་འགྲོ་བར་བརྩམས། ཨ་ཅེས་ཀྱང་། ཨ་མ་དྲན་པའི་སྐྱོ་གདུང་གི་སྨུག་པ་སེལ་ཅི་ཐུབ་བྱེད་བཞིན་གདོང་གི་མཆི་མ་རྣམས་གོང་མཛུབ་གྱིས་ཕྱེས་ཏེ་གདོང་ལ་བཅོས་འཛུམ་ཞིག་སྟོན་བཞིན། ང་རང་ལག་འཇུ་བྱས་ནས། ཨ་ཕའི་ཕྱོགས་ལ་སོང་། ཨ་ཕ་དང་ངེད་གཉིས་ཉིན་ལྔ་དྲུག་ཅིག་ལ་བསྡད་ནས་ཕྱིར་འགྲོ་གྲབས་བྱས་པ་ཡིན། འོན་ཀྱང་། ཨ་ཅེས་ཁོ་མོ་འདུག་མི་མོས་པས། ཅིས་ཀྱང་ང་རང་ཤུལ་དུ་འཇོག་རོགས་ཟེར་བཞིན་ཨ་ཕ་ལ་རེ་བ་ནན་གྱིས་གནང་མཐར། ཨ་ཕས་ང་རང་ཤུལ་དུ་བཞག་ནས་ཁོ་རང་ཕྱིར་རྫ་ངོས་ལ་བུད་སོང་། ང་རང་ལོ་ན་ཆུང་བའི་བསམ་གཞིག་གཏང་མི་ཤེས་པའི་ཡིན་པའམ། ཡང་ན། ཕུ་བོ་དང་ཨ་ཅེ་གཉིས་ཀྱིས་ཧ་ཅང་གཅེས་པས་ཡིན་པ་གང་ཡིན་མི་ཤེས་མོད། ང་རང་ཨ་ཅེ་དང་འདྲ་བར་ཨ་མ་དྲན་པའི་དྲན་གདུང་གི་ན་ཟུག་གང་ཡང་མི་འདུག ཨ་ཅེ་ནི་ནམ་རྒྱུན་ནངས་མོ་དུས་ཚོད་གསུམ་པ་དང་བཞི་བ་ཡས་མས་སུ་རྣ་ལ་གཟན་པའི་དུས་ཚོད་ཀྱི་སྐད་གྲག་སྒྲོག་པ་དང་མཉམ་དུ་མལ་ནས་ལངས་ཏེ་འབྲུ་རྣམས་བཞོ་དགོས། དཀའ་སྤྱོད་ཀྱི་སྡུག་རེས་བྱས་པ་དེ་ནི་ནངས་གཅིག་གིས་ཚར་སོང་བ་ཞིག་མ་ཡིན་པར། ནངས་མ་རེ་རེར་ལ་ཡང་རྒྱུན་ཆད་མེད་པར་བྱེད་དགོས་པ་ཡིན། ཞོགས་པའི་ཉི་ཟེར་གྱི་དྲོད་ཐིག་ས་ལ་འཕོས་པའི་དུས་སུ། ཨ་ཅེས་ཉིན་གཅིག་གི་ལས་དཀའ་ལྕི་མོ་དེ་ལས་ཚར་བ་ཡིན། སེམས་ལ་དགའ་སྣང་ཞིག་མངོན་བཞིན་ཁྱིམ་ལ་འཛུལ་ནས་ཕུ་བོ་དང་ངེད་གཉིས་ལ་ནངས་ཇ་བླུད་པ་ཡིན། འོན་ཀྱང་། ཕུ་བོ་ལ་མཚོན་ནས་བཤད་ན། ཞོགས་པའི་ཉི་ཟེར་གྱི་དྲོད་ཐིག་ས་ལ་འཕོས་པའི་དུས་ནི་ཧ་ཅང་ཐེག་པར་དཀའ་བའི་ལས་འགན་ཞིག་གི་མགོ་བརྩམས་སོང་པ་ཡིན་ཏེ། ཕྱུགས་ཟོག་རྣམས་རྡང་ནས་བཏང་པ་དང་མཉམ་དུ་ཕུ་བོ་ལུས་དང་གྲིབ་མ་བཞིན་ཁོ་ཚོ་དང་འགྲོགས་ནས་བཙག་རླུང་དང་དྲག་ཆར་གང་ལ་ཐུག་ཀྱང་མཉམ་འགྲོ་མཉམ་འགྲོགས་བྱེད་དགོས། ཕུ་བོས་ཀྱང་། དཀའ་སྤྱོད་སྡུག་རེས་བྱས་པ་དེ་ནི་ཉིན་གཅིག་གིས་ཚར་སོང་བ་ཞིག་མ་ཡིན་པར། ཉིན་མ་རེ་རེར་ལ་ཡང་རྒྱུན་ཆད་མེད་པར་བྱེད་དགོས་པ་ཡིན། ཨ་ཅེ་ལ་མཚོན་ནས་བཤད་ན། སྐྱ་རེངས་ཤར་བ་ནས་ཕྱི་དྲོའི་མཚམས་སྤྲིན་མ་ཡོལ་པའི་དུས་ཚིགས་ནི་ཆེས་ཁོམ་པའི་དུས་ཚོད་ལགས་པས། སྒམ་ཆུང་གྲུ་བཞིའི་ནང་གི་བརྙན་འཕྲིན་དེ་ཚུར་བླངས་ཤིང་། བརྙན་འཕྲིན་གྱི་སོག་སྐུད་སྣེ་མོ་གློག་སྣོད་ལ་མཐུད་ནས་བརྙན་འཕྲིན་ལ་བལྟ་བ་ཡིན། སྐབས་རེར་ཧ་ཅང་ཐང་ཆད་འདུག་པའི་ཟོལ་གྱིས། བལ་སྟན་དཀར་པོ་དེའི་སྟེང་དུ་གན་སྐྱེལ་དུ་ལོག་ནས་དུས་ཚོད་གཅིག་གཉིས་ཤིག་ལ་རྨི་ལམ་གྱི་ཞིང་སར་སོང་ནས་ལུས་ངལ་གསོ་བ་ཡིན། ཨ་ཅེས་ནམ་རྒྱུན་ང་ལ་འདི་ལྟར་སློབ་གསོ་སྤྲད་པ་ཡིན། ནུ་བོ། ཁྱེད་རང་ད་སྐབས་ལོ་ན་ཆུང་བའི་རྐྱེན་གྱིས་མི་རེ་རེ་ཡི་འཚོ་བའི་དཀའ་སྡུག་ཤེས་མི་སྲིད། མི་ཚེ་ནི་དངོས་གནས་རྙོག་འཛིང་ལྡན་པ་ཞིག་ཡིན་ཏེ། ནམ་རྒྱུན་སྦྲ་རྒྱབ་ཀྱི་དར་ལྕོག་དང་འདྲ་བར། སྐྱོ་གདུང་དང་ཞེན་ཆགས་ཀྱི་དབྱིངས་ནས་རྟག་པར་གཡོ་བཞིན་ཡོད། དེ་ལས་ཀྱང་། དཀའ་སྤྱོད་ཀྱི་ལག་རྗེས་མི་མངོན་པ་ནི་ཐེག་པར་དཀའ་བའི་འབྲོག་ལས་བྱེད་པ་འདི་རེད། ནུ་བོ་ལགས། ཨ་ཅེ་ང་ལ་རེ་བ་ཆེར་མེད་ཀྱང་། གཅིག་ཡོད་པ་ནི་ཁྱེད་རང་གིས་མ་འོངས་པར་འདི་ལས་ལེགས་པའི་འཚོ་བ་ཞིག་རོལ་རྒྱུ་དེ་ཡིན། མི་ཚང་མས་མགུ་གང་བའི་འཚོ་བ་ཞིག་གཏན་རོལ་མི་ཐུབ་ཀྱང་། རང་ཉིད་ལ་འོས་འཚམས་ཀྱི་མདུན་ལམ་རེ་འཚོལ་རྒྱུ་མ་བརྗེད་ཅེས་པའི་སེམས་གཏམ་རྣལ་མ་དེ། ང་ལ་ཡང་ཡང་བཤད་ནས། བཤད་པ་དེ་ཡང་ངའི་ཐོས་འཛིན་གྱི་བུ་ག་ནས་ནང་སེམས་ལ་ཤ་འདྲེས་སྤགས་འདྲེས་བྱེད་དུ་བཅུག་པ་ཡིན། ཉིན་འདི་གར་ང་རང་ཡོད་པས་ཨ་ཅེ་ལ་ཨ་མ་དྲན་པའི་དུས་ཚོད་ཅིག་དམིགས་བསལ་གྱིས་རྩལ་འདོན་བྱ་དུས་ཤིག་མེད་པ་འདྲ་སྟེ། ངས་ཉིན་ཉིན་ཨ་ཅེེ་ལ་གནའ་ཨ་ཕྱི་དང་ཨ་མ་གཉིས་ཀྱིས་བཤད་པའི་གནའ་གཏམ་དང་། ཁ་དཔེ་སོགས་ཡིད་ལ་དྲན་ཚད་སོགས་ཡང་ཡང་བཤད་དུ་འཇོག་པ་ཡིན། དུས་ཚོད་ཀྱི་རླབས་ཁ་གློག་འགྱུ་བཞིན་བྲེལ་གྱིས་རླུང་འཚབ་དང་མཉམ་དུ་ལྡང་བྱུང་། ཨ་ཕ་ལགས། ང་རང་ལེན་སར་ཐོན་ཡོང་ནས་ང་རང་ལམ་སང་ཕྱིར་སློབ་གྲཱལ་འགྲོ་རན་འདུག་པས་ཕྱིར་འགྲོ་དགོས་ཟེར། དེ་ནི་ང་ལ་མཚོན་ནས་བཤད་ན་སྐྱོ་དགོས་པའི་སྐད་ཆ་ཅིག་མིན་ན་ཡང་། ངའི་མདུན་ཐད་ཀྱི་ཨ་ཅེའི་ངོ་གདོང་བློ་བར་དུ་ཐལ་མདོག་དང་འདྲ་བའི་སྐྱ་བོ་སྐྱ་སང་དུ་འགྱུར་སོང་། དེ་ཡང་ཅི་ཁག་སྟེ། ང་རང་ཨ་ཅེའི་གམ་དུ་ཡོད་ན། ཐེག་དཀའ་བའི་ལུས་དཀའ་ལྕི་མོ་དེ་དག་ལས་རོགས་བྱེད་མི་ཐུབ་ཀྱང་། ཨ་ཅེ་ཉིན་རྒྱུན་སེམས་པ་སྐྱིད་ནས་བསྡད་ཡོད། རྒྱུ་མཚན། ངས་ཨ་ཅེའི་ནང་སེམས་ཀྱི་ཁེར་རྐྱང་གི་གདུང་བ་དེ་དག་སེལ་ཐུབ་པས་ཡིན་ནོ། ། སྨུག་པ་རིམ་པ་རིམ་པས་ཚུར་ཡོང་སྟེ། རི་མགོ་དང་རི་འདབས། ཆུ་ཕྲན་དང་། ཁྱིམ་མཚེས་སོགས་ཡོང་སུ་མི་མཐོང་པར་གྱུར་བའི་ཞོགས་པ་ཞིག་ལ། ཨ་ཕས་ང་རང་ཁྲིད་ནས་ཕྱིར་ཡུལ་ལ་ལོག་གྲབས་བྱས། ངས་གསལ་ལ་མི་གསལ་བའི་སྨུག་སྤྲིན་གྱི་བར་གསེང་དེ་ནས། ཕྱིར་ཨ་ཅེ་ལ་ཕྱིར་མིག་ལྟ་སྐབས། ཨ་ཅེ་ནི་རྡང་འདབས་ཀྱི་ེརྐྱང་ཐོ་ཞིག་དང་འདྲ་བར་གཡོ་འགུལ་གང་ཡང་མེད་པར་ང་ལ་བལྟས་འདུག་པ་མཐོང་དུས། ངའི་ནང་སེམས་ལ་གློ་བུར་དུ་ག་ཤེད་ནས་མདའ་ཞིག་ཕོག་སོང་བ་དང་འདྲ་བར་ན་ཟུག་ཡང་ཡང་སྐྱེས། དེ་དུས་ངའི་མིག་མཐའ་མཆི་མས་བརླན། ངས་ཕྱིར་མིག་ལྟ་བཞིན། ཨ་ཅེ་ཞེས་ལྷང་ལྷང་བོས། འབྲོག་པའི་དབྱར་སར་སླེབས་པ་ན། འདབ་ཆགས་ཀྱི་མེ་ཏོག་སྣ་ཚོགས་ཀྱིས་ངའི་ནང་སེམས་ལ་བདེ་དགའ་གནང་མ་ཐུབ་ལ། སྙིང་ཉེ་བའི་སློབ་གྲོགས་དེ་གས་ཀྱང་དགའ་མགུ་སྟེར་མ་ཐུབ་པར། ངའི་སེམས་ལ་ཐག་པ་བརྒྱབ་ནས་སུ་ཞིག་གིས་ཨ་ཅེའི་ཕྱོགས་ལ་འཐེན་པ་ཅི་བཞིན། ངས་ཨ་ཅེ་ཡང་ཡང་དྲན། དྲན་པ་དེ་ཡང་ཆུང་ཆུང་ཞིག་མ་ཡིན་པར་ཧ་ཅང་དྲན།

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*