ཟླ་བཅུ་པའི་སྙན་ངག

ལྡོང་འཇིགས་སྲས། དཀར་མཛེས།

སེམས་པ་དེ་ཧ་ཅང་ཞུམ་ན་ཡང
འཚོ་བ་ནི་སྔར་བཞིན་རོལ་དགོས་འདུག

སྙིང་ཉེ་བའི་མི
འུར་སྒྲ་ཆེ་བའི་བུ་ཡུག་བསྐྱར་དུ་འཚུབ་ཡོང
ཁ་བ་དང་རླུང་མཉམ་དུ་འཚུབ་དུས
འགྲེས་ཡོད་ཀྱི་མི་ཁྱོད་སྔར་ལས་དྲན་ཡོང

ཡིན་ན་ཡང
དགུན་ཁ་ནི་དགུན་ཁ་རང་རེད
ཕྱི་ནང་ཀུན་དུ་ཆབ་རོམ་གྱིས་བཟུང

གཡས་གཡོན་གྱི་གྲུ་ཁ་རེ་རེ་ན
ཁ་ཁུ་སིམ་པོར་བསྡད་ཡོད་པའི
ཞེ་རྩ་དྲན་དགུང་ཟིན་པའི་ཀོ་གྲུ་གཏོང་མཁན
མཐའ་ཡས་པའི་རྒྱ་མཚོའི་ངོས་སུ་ཉུལ

༢༠༢༡—༡༠—༢༣——ཉིན།

༼འཁོར་བ།༽

རྭ་ཅོ་ལྟ་བུའི་འཇིགས་རུང་ནས
ལ་ལས་ཆེ་ཆུང་མེད་པའི་གཏམ་ཞིང་ཀྱང་བཤད་མྱོང

རྗེས་སོར
འོར་ཟེར་གྱི་ཐིག་ལེ་སྦྱུམ་ཞིང
སྐྱེས་བུ་ཞིག་གི་ཉམས་ཉེས་མཐའ་དག
སྟོང་པ་ཉིད་དང་དབྱེར་མེད་དུ་འདྲེས

མེ་ལོང་ངོས་སུ་ཤར་ཡོང་བའི་གཟུགས་བྱད
ཞེ་སྡང་གི་སྨག་རུམ་གྱིས་བཟོས་ཤིང
གྲང་རེག་གི་དབལ་དང་ན་ཟུག་གི་རྫིང་བུར་ལྷུང

ཁྱོད་ཀྱིས་སོམ་ཉི་བྱེད་ཀྱིན་ཡོད་དམ
འདུ་འབྲལ་གྱི་སྐྱོ་གར་མྱོང་དགོས་མི་འདུག
ཁྲག་གིས་བྲིས་པའི་རྒྱ་མཚོ་དེ་ཡང
ང་ཚོས་གླེང་དགོས་མིན་འདུག

འཁྱག་གིས་ཟིན་པའི་དགུན་ཟླ་འདི
བྱང་རླུང་དང་རླུང་དམར་ཁྲོད་ཡོངས་སུ་རྫོགས་རྗེས
རས་འབྲས་འདུས་གསོན་སྙིང
སྲེད་པ་ཞིག་གི་བཅང་ལས་ཡོངས་སུ་གྲོལ་ཞིང
པད་འདབ་གྱི་གང་བའི་དཀྱིལ་འཁོར་ཞིག་ཏུ་འཁོད

༢༠༢༡–༡༡—༧—-ཉིན།

༼ཤུན་པ་བོར་བའི་སྙན་ངག༽

སེམས་ལ་སྐྱོ་ཤས་འཐུབ་པ
རྐོན་བུས་བཟུང་བ་འདྲ་ཡང
རྐོན་བུ་ཙམ་ཡང་མིན་ཏེ
འཛིན་བྱེད་སེམས་ཀྱིས་ཞགས་པ

ཞེ་འཚེར་བའི་འཇིག་རྟེན་སྣང་ཡང
ངག་སྐུག་པའི་འབག་སྐུ་ཞིག་དང་འདྲ་བར
མྱ་ངན་གྱི་ཐང་བསྐྱར་དུ་བཀླག་དུས
སྤྲོ་བས་དབེན་ཞིང་གསུང་ཞིམ་མནབས་པའི་མེ་ཏོག་གྱི་ཚོགས
ཧ་ཅང་བག་ངང་དུ་འཁུམས

སྔར་ནས་འདྲེས་ཡོད་ཅིག
རུམ་བཞིན་དུ་བརྗེད་སོང་བ་འདྲ་སྟེ
སླར་ཡང་ཅིག་ཆར་དུ་སྣང་ཞིང
སྐྱུར་སོབ་སོབ་གྱི་ཚོར་བ་སྣ་ཚོགས་ཀྱང
བསྔོ་སྨོན་ཞིག་གི་ཚུལ་དུ་དབྱངས་སུ་གྱེར

༢༠༢༡___༧___༢༡___ཉིན།

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*