སྟོན་ལོའི་ཉམས་སྣང་།

                                          དབྱུག་སྲས། གཞིས་ཀ་རྩེ།

སྟོན་ཟླའི་སྐྱ་རེངས་འཆར་བས་དབྱར་ཟླ་རྒུད། །
གསེར་ལྡན་དགའ་མའི་ན་བཟའི་ཁ་དོག་འགྱུར། །
ཉིན་བྱེད་དབང་པོ་མཐོ་ལ་གཤེགས་བགྱིད་དེ། །
གྲང་ཟུག་མ་ཐེག་སྟོན་ལོ་ཉིལ་ཉིལ་ཟགས། །

རྩྭ་ལྗང་ལོ་འདབ་སེར་པོའི་ཕྱོགས་སུ་ལྷུང་། །
སྲོག་ཆགས་ཕྲ་མོ་དབྱིག་འཛིན་ཁོག་ཏུ་ཕིབས། །
དྲོད་གྲང་རན་པའི་དབྱར་ཁ་ཟད་པའི་ཚེ།
རི་གྲོང་ཁ་བའི་བཀླུབས་པའི་ནམ་ཟླར་སྐྲག །

ཁ་ཡངས་ནོར་འཛིན་བུ་མོའི་ཕང་བ་ན། །
གསེར་མིག་ཅན་པོ་ཟློས་པའི་གར་ལ་ཁྱུག །
དར་ཁ་སྒྲིག་པ་འདྲེན་བྱེད་མི་འདོད་ཀྱང་། །
དུས་བཞིའི་འཕོ་ཉུལ་བཙན་པ་སུ་ཡིས་འགོག །

ཆབ་རོམ་རྒྱས་དུས་རྫ་རི་གྱེན་ལ་འགྲེངས། །
ཁ་བ་བབས་དུས་རི་སྤྱང་གདོང་པ་གས། །
དྲན་ན་དངངས་འཕྱུར་སྐྱེ་སླའི་གྲང་ངར་ལ། །
རེ་ཞིག་འབྱོལ་ས་ཡོད་ན་ཅི་མ་རུང་། །

ཕོ་གཡག་ངར་མའི་ངར་སྐད་རེ་ཞིག་གློད། །
ཟོག་རྫི་བུ་མོའི་མཆུ་སྒྲོས་དམར་མདངས་ཤོར། །
འབྲོག་ཕྲུག་སྣབས་ལུད་འཁྱགས་ཀྱིས་བསྡམས་པའི་དུས། །
དགུན་རླུང་རེག་བྱ་འགོག་པའི་པགས་རྩག་དྲན། །

ས་ཡི་ཐེག་ལེར་ཆགས་པའི་གངས་ཅན་ཡུལ། །
མཁའ་ལ་ཐན་སྤྲིན་ཚོམ་བུ་ལང་ལོང་འཕྱུར། །
དབྱར་ཟླའི་གེ་སར་སྟོན་ཟླ་གཤེད་མས་བཅོམ། །
ཐལ་རླུང་འཚུབ་པའི་ནམ་ཟླའི་ལམ་སྣེ་ཟིན། །

གཡའ་དག་ལྷ་ལམ་གདོང་ནས་ཟླ་འོད་འཚེར། །
དྭངས་གཙང་ཆུ་གཏེེར་དབུས་སུ་གཟུགས་བརྙན་ཤར། །
རླུང་བུས་བསྐྱོམས་པའི་མཚོ་ནང་ཟླ་གཟུགས་དེ། །
ཡོམ་ཡོམ་འགུལ་བ་ལག་པས་གཟུང་སྙོབ་འཛད། །

རྒྱུ་སྐར་རྒྱལ་པོ་སྨིན་དྲུག་ཕྲེང་བས་བསྐོར། །
མཛེས་པའི་དོ་ཤལ་ཨ་སྔོན་མགུལ་ལ་རྒྱན། །
དགུ་ཚིགས་སྐྱ་མོའི་སྐེད་རགས་སྣེ་མོ་དེར། །
སྟོན་ལོ་སེར་པོ་འཕྱང་ངེར་ཉིལ་བ་མཐོང་། །

འདབ་སེར་ཁྲུལ་ཁྲུལ་མིག་གི་ཡུལ་དུ་གཟན། །
གྲང་ལྷགས་ཤུར་ཤུར་ཤ་རུས་གསེང་ལ་སྡང་། །
མི་བརྟན་འགྱུར་འགྱུར་སེམས་ཀྱི་གཞི་ལ་རྩུབ། །
སྡུག་གི་བཙིར་བཙིར་འཁུན་སྒྲས་རྣ་བ་འཚིག །

ནམ་ཟླའི་སྒལ་ཚིགས་འདེད་པས་བར་ཤུན་ནས། །
ལས་རླུང་འཚུབ་མས་ན་ཆུང་འདབ་ལོ་འཁུམ། །
སྙིང་གི་སྡུག་གུའི་བག་ཡངས་གདོང་གཤིས་དེ། །
སྟོན་ལྷགས་ཁྲོད་དུ་དྲན་གདུང་ལྷག་པར་འཚུབ། །

Be the first to comment

Leave a Reply

Your email address will not be published.


*