ཟིལ་བ་ཆགས་པའི་ལེའུ།

                                         སྤྲིན་གྱི་ཕོ་ཉ།

ཟིལ་བ་ཆགས་པའི་ཞེ་འཕྲིན།

བླ་འཛིན་བུང་བ་མཁའ་ལ་ལྡིང་། །
སྨུག་སྤྲིན་ཡོལ་བ་དལ་གྱིས་ནུབ། །
ཕྱོགས་མཐའ་ཉུལ་བའི་ཡུ་མོ་དེས། །
ཞེན་ཆགས་ནོམ་པ་ཤུལ་ཏུ་བཞག །

མགྲིན་པའི་གསེང་གི་འཇམ་མཉེན་དེས། །
རྩུབ་རེག་སྣང་བ་ཕྱོགས་སུ་འཕངས། །
སེམས་ཀྱིས་བཞེངས་བའི་སྣང་སྲིད་ལ། །
ཁྱོད་ཉིད་ཕེབས་པ་ལས་སྨོན་བཟང་། །

ཟ་ཟིས་བསླུས་པའི་འཁོར་བ་ལ། །
མི་འདོད་ཆར་ཆུས་དེད་ན་ཡང་། །
རྫ་ཁ་མི་གཅིག་འབྲོག་མོ་དེས། །
སེམས་པའི་འཁྱག་རྡུལ་ཞུ་བྱེད་ཡིན། །

ཆར་ཟིམ་ཟིམ་མའི་རྗེས་ཤུལ་ནས། །
འཇའ་ཚོན་དར་མའི་ཕུང་པོ་བཞིན། །
ནང་སེམས་སྐྱོང་བའི་བུ་མོའི་གཟུགས། །
འཆི་མེད་ལང་ཚོའི་འདབ་ལེགས་རྒྱས། །

ཁྱེད་ཀྱི་མཛེས་སྡུག་གསེར་སྲབ་རྟ། །
བདག་སེམས་སྤང་ལ་བཞུགས་ནས་ཡོད། །
རྩྭ་ཁ་ཆད་པར་མི་དོགས་ཀྱང་། །
ཕྱོགས་མཐའ་བཞུད་པར་ཞེ་རེ་དོགས། །

ཁྱོད་ཡོད་སར་ང་ཡི་དུང་བ་འཕྱོ།

ཐུགས་སེམས་ལྷོད་ལ་བཏང་ནས། །
ས་སྲོད་མར་ཁུའི་མདངས་ནས། །
ཞེ་ཡི་སྙན་ངག་ལྷ་མོས། །
ཚུར་ལ་ལན་ཅིག་གཟིགས་ནས། །
ཁྲག་གིས་བྲིས་པའི་ཡི་གེར། །
མི་སེམས་འགུག་པ་གནང་སྟེ། །
སེམས་སོང་བྱམས་པའི་ཞེ་འདང་། །
ཚུར་ལ་འཁོར་ཐབས་གནང་ནས། །
ཚེ་གང་བཟའ་ཚང་མཉན་ན། །
སྡེ་ཆེན་དཔོན་པོའི་མདུན་ནས། །
མི་ཚེ་ནོར་རྫིར་གཏང་སྟེ། །
ཚེ་གཅིག་སྡེ་གྲོང་འདི་ལས། །
གོམ་སྟབས་འཇོག་པ་མེད་ཀྱང་། །
ཁུ་ལོར་སྙིང་རྗེ་མི་དགོས། །
སེམས་པ་འཇའ་ཡི་ཡན་ཡིན། །
མི་སེམས་སྣང་བ་འཇའ་རེད། །
འཇའ་དེའི་རྩེ་མོ་རླུང་རེད། །
བདག་སེམས་རླུང་ལ་མདུད་ཡོད། །
ནམ་ཞིག་གྲོལ་མིན་ཁྱོད་རེད། །
ལུས་སྐྱིད་དྲིན་གྱི་བདག་མོས། །
ང་ལ་བཀའ་བཀྱོན་མ་གནང་། །
སེམས་འདི་ལན་བུར་འཁོར་ནས། །
མཚན་ལམ་ཆག་པ་མང་གི། །
ལན་ཅིག་མཛའ་བར་གནང་དང་། །

རྟ་ཕོ་ལོང་བ་བཞིན་གང་སར་ཉུལ།

ས་གང་ལ་སོང་ན་ཁྱེད་ཉིད་ཤར། །
གནས་གང་ན་བསྡད་ན་ཁྱེད་ཉིད་དྲན། །
རྟ་འདོ་བའི་དབུགས་ལམ་མ་ཆད་ན། །
ཁྱོད་བཙལ་བའི་རྐང་ལམ་ཕྱིར་མེད་བྱ། །

ལམ་གྱ་གྱུའི་ནང་ནས་གོག་ནས་འགྲོ། །
གློག་དམར་ལྗང་མདུན་ནས་འཇིགས་ནས་འགྲོ། །
སྨུག་ལ་ལུང་ནང་གི་བསེར་རུ་གན། །
བློའི་རང་སྣང་ཡིན་རུང་བཙལ་ནས་འགྲོ། །

ས་རྡེའུ་འབུར་རེ་མགོའི་རྒྱང་ལྟ་རེ། །
མིག་ཧད་ཀྱིས་སྤྲིན་རུམ་བཅོ་བརྒྱད་བལྟས། །
བྱ་བྱི་འུ་ཡིན་རུང་ཞིབ་གཟིགས་བྱེད། །
ཁྱོད་བཙལ་ནས་ཞེན་ཆགས་མེད་པར་བྱ། །

བློ་གཏོད་སའི་གྲོགས་འགའ་བསྐྱུར་ནས་འགྲོ། །
ནང་རྣམ་རྟོག་དྲ་བ་བརྒྱུད་ནས་འགྲོ། །
ཀན་མཐོང་བའི་ལས་སྐལ་མ་རྒྱས་རུང་། །
སེམས་བརྟུལ་ཞུགས་འཛིན་ལ་འཚོལ་ནས་འགྲོ། །

ལོ་ཟླ་བའི་བང་ཁ་རླུང་ལས་མྱུར། །
རླུང་བསེར་བུ་འགྲོགས་ནས་ཁྱེད་ཉིད་བཙལ། །
ལུས་རྒས་དུས་བརྟེན་ས་མ་ཉན་རུང་། །
སེམས་རབ་རིབ་སྨུག་པ་དཀྲི་ས་ཤོག །

ཟིལ་བ་ཆགས་པའི་སྒྱུ་འཕྲུལ།

ལུས་ཀྱི་ཀླད་རྩྭ་དྭངས་བའི་སྐབས། །
ཉིན་ཞག་བདུན་བདུན་ཞེར་དགུ་ལ། །
རྒྱུས་མེད་བུ་མོ་འགུགས་ཕྱིར་དུ། །
སྣང་བའི་ཚོར་འདུ་བྲིས་པ་ན། །
མིག་ཡངས་མ་དེའི་དོན་སྙིང་དེ། །
འཛུམ་པའི་ཚུལ་གྱིས་ཉེ་སར་ཕྱོགས། །
དེ་ཡི་ཕྱོགས་ལ་ཅུང་བཅར་ནས། །
ལུས་ཀྱི་མེ་ཏོག་ལེན་ནས་སུ། །
སེམས་ཀྱིས་འཁྱུད་པ་བྱེད་འདོོད་མོད། །
གཡོན་ནས་དགའ་མས་ཁྲེལ་མེད་ཅེས། །
ཚིག་གི་རྟ་དམར་ངའི་ཕྱོགས་སུ། །
བྲག་ཆར་འདྲེས་མའི་གཡོ་བ་ན། །
ཁོ་བོ་འཇིགས་པའི་ཚུལ་ལྷུང་ནས། །
རིན་ཆེན་སྒྲོམ་ཞིག་རྙེད་པ་འདྲའི། །
མིག་ཡངས་མ་དེ་ལག་མཐིལ་ནས། །
ཕྱེ་མའི་ཕུང་བཞིན་ཟེགས་ནས་ཐལ། །
བསྐལ་བ་རིང་དུ་སྤྱད་པ་ཡིས། །
བརྩེ་རྩོམ་སུམ་བརྒྱ་དྲུག་བཅུ་དེ། །
ཆུང་མའི་རྩུབ་རེག་ལག་པ་དེས། །
མཁའ་ལ་མཆོད་པའི་རླུང་རྟ་བཞིན། །
ནམ་མཁའི་དབྱིངས་སུ་མཆོད་ནས་ཐལ། །
དེ་ཡང་ཅི་ཁག་ཚེ་གཅིག་རོགས། །
ལས་འདིའི་ས་བོན་མ་རྫོགས་ན། །
གསོན་འབྲལ་བྱུང་ན་མི་འོས་མོད། །
འོན་ཀྱང་སེམས་འདི་རླུང་བུ་བཞིན། །
དམིགས་མེད་གང་མཐའི་ཕྱོཊ་ལ་ཡང་། །
ཤོར་བ་འབོར་གྱིས་མི་ཟིན་པས། །
ཆུང་མའི་ཞེ་སྣང་མ་སྐྱོ་དང་། །
གློག་རྡེག་སྣང་བ་བསྟན་རྒྱུ་མེད། །
ཅེས་པའི་ཚིག་དགའ་བརྗོད་པ་ན། །
ཞེ་སྡང་ཁྲོ་ཆུ་ཁོལ་མ་དེ། །
ཅུང་ཙམ་ཕྱིར་ལ་བསྡུས་ནས་ཐལ། །

རྨི་ལམ་ནང་གི་འཁོར་བ།

འདིར་སྣང་སྒྱུ་མ་གྱ་གྱུའི་གཟེབ་རོལ་ནས། །
ཚོར་བ་མི་གཡོ་རང་སར་མི་སྡོད་པར། །
བ་སྤུའི་རྩེ་དང་རྐང་མཐིའི་ཁུད་རོལ་ནས། །
སྐྲག་པའི་འབུ་བཞིན་འདར་ཡོམ་བྱེད་པའི་སྐབས། །
དུས་མཐའི་མཐོང་བའི་འཁོར་བའི་ལྷ་མོ་དེས། །
སྣང་བའི་ངོར་ལ་མཛའ་བརྩེ་འདི་འདྲ་བཞག །
ཁྱོད་ནི་ཚེ་རབས་སྔོན་མའི་ལས་བསྐོས་དེ། །
ང་ཡི་སེམས་པས་ཁྱོད་རང་ཤེས་ཀིན་འདུག །
འུར་གྱིས་མི་བཤད་ལྷོད་ཀྱི་ངག་ཚིག་དང་། །
ཞལ་ངོ་མི་ནག་དུང་གི་མདངས་འཛིན་པ། །
ཟུར་མིག་མི་འཕེན་འཕེན་པའི་ཚུལ་དུ་ནི། །
ཡིད་དགའི་སྦྲང་མ་དབང་མེད་ཁྱོད་ཕྱོགས་ཏེ། །
འཁོར་བའི་གསེབ་ནས་ལན་གཅིག་རང་ཉིད་བོར། །
ཚོར་བས་མི་ཟིན་ཐུར་མེད་སེམས་པ་དེས། །
ལན་རེར་སུམ་རྩེན་ལྷ་ཡི་གནས་སུ་དྲངས། །
སེམས་པའི་ཁྲག་རྡུལ་ཁྱོད་ཕྱོགས་བཞུར་བ་ན། །
སྣང་བའི་ངོར་ལ་འཇའ་ཡི་མེ་ཏོག་གད། །
སྨུག་པས་བཏུམས་པའི་ང་ཡི་འཁོར་བ་ལ། །
དུས་མཐའི་བུ་མོའི་སྤྱན་གྱི་ཉི་ཟེར་ཕོག །
འབྱུང་གཞི་འཁྲུགས་ནས་ཀླད་རྩ་གད་ཀྱང་རུང་། །
པིར་གྱིས་བྲིས་འདྲའི་པད་མའི་ཞལ་དཀྱིལ་དེ། །
ཡིད་ནས་མི་འདོར་སྙིང་ལ་ཟུག་ནས་འདུག །
ང་རང་འགྲོ་ཁར་མིག་གི་རྒྱལ་མོ་དེས། །
ནན་གྱིས་གཟིགས་ཤིང་གཟིགས་པས་མི་ཆོག་པར། །
བདེ་ཞེས་བརྗོད་པས་འཇེབས་དབྱངས་སྙན་མོ་དེས། །
སེམས་ཀྱི་རི་དྭགས་འཕུར་ལྡིང་ཡང་ཡང་བྱས། །

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*