ཚེ་སྲོག་གི་རིན་ཐང་འཚོལ་བ།

                                                                           རྩོམ་པ་པོ་རྫ་སྐྱེས་གངས་དུང་། རྫ་ཆུ་ཁ།

ཆོས་རྣམས་ཐམས་ཅད་བཀའ་དང་བསྟན་བཅོས་ཏེ།།
ལེགས་པར་གསུངས་དང་དེ་ཡི་དགོངས་འགྲེལ་བ།།
དེ་ཡི་དབང་གི་ཤཱཀྱའི་བསྟན་པ་ནི།།
འཇིག་རྟེན་ཁམས་འདིར་ཡུན་རིང་གནས་པར་འགྱུར།།

ཞེས་ངག་ཚིག་དྲི་མེད་ཞིག་གི་མདུན་བསུས་ཏེ། གང་གླེང་བར་འདོད་པ་ནི་བདུན་གསུམ་དུས་རབས་བགྲོད་པའི་ཧྲག་བར་ནས་ཡོངས་ཁྱབ་འགྲོ་མའི་ཐོབ་ཐང་གོང་བཀུར་དང་།
ཚེ་མེད་ཞི་བའི་ལམ་བཟང་དུ་བསྐྱོད་པའི་དུས་སྐབས་འདིར།
ཉམ་ཐག་དུད་འགྲོ་དག་གི་མིང་རྟགས་ཚོད་ཐོ་ལས་བསུབ་ཐུབ་མེད་པའི་གནས་བབ་ཁྲོད།
ཉམས་ཆུང་དུ་འགྲོ་དག་གི་འགྲིན་ཚབ་ཅིག་བྱས་ཏེ།
དམར་ཟས་སྤང་དགོས་མིན་སྐོར་ཅུང་ཙམ་ལབ་འདོད་བྱུང་།

དེ་ཡང་མཁས་དབང་དགེ་འདུན་ཆོས་འཕེལ་གྱི་ཞལ་ནས།
གྲོག་མ་མིག་མེད་བདེ་བའི་དོན་དུ་རྒྱུགས།།
ས་འབུ་རྐང་མེད་བདེ་བའི་ཆེད་དུ་རྒྱུགས།།
མདོར་ན་འཇིག་རྟེན་ཐམས་ཅད་བང་འགྲན་ནས།།
གཅིག་ལས་གཅིག་མགྱོགས་བདེ་བའི་ཕྱོགས་སུ་རྒྱུགས།། ཞེས་གསུངས་པ་ལྟར།
རང་བདེ་རང་སྐྱིད་ཀྱི་དོན་དུ་འབད་པ་དེ་སོ་སྐྱེས་ཀུན་གྱི་འགྲོ་སྟངས་ཡིན་ལ།
དེ་ནི་འོས་མཐུན་ཞིག་ཀྱང་ཡིན་མོད།
འོན་ཀྱང་ཚད་རྒལ་གྱི་ལས་བྱས་ཏེ་གཞན་གྱི་ཚེ་སྲོག་ཁ་ཟས་སུ་བྱེད་པ་ནི་དོན་མཐུན་མ་ཡིན་པ་དང་།
ཤས་ཟས་ཟ་བ་ནི་འོས་མཐུན་ཡིན་པར་སྨྲ་བ་ནི་མི་རུང་བའི་གནས་སུ་སྣང་སྟེ།
མདོ་ལང་ཀར་གཤེགས་པ་ལས།
མ་འོངས་པ་ཡི་དུས་ན་ནི།།
ཤ་བཟའ་གཏི་མུག་སྨྲ་བ་དག།
ཤ་ནི་སྡིག་མེད་རུང་བའོ།།
སངས་རྒྱས་རྣམས་ཀྱིས་བཤད་ཅེས་ཟེར།།
ཟས་ལ་སྨན་དང་འདྲ་བ་དང་།།
བུ་ཡི་ཤ་ལ་མཚུངས་པར་ཡང་།།
ངན་པ་དང་ནི་མི་འཕྲོད་པར།།
རྣལ་འབྱོར་ཅན་གྱིས་ཟས་ལ་སྤྱོད།།
སང་གེ་དང་ནི་སྟག་རྣམས་དང་།།
ཝ་ལ་སོགས་དང་འགྲོགས་འགྱུར་པས།།
ངས་ནི་བྱིས་པས་གནས་པ་ལ།།
རྟག་ཏུ་རྣམ་པ་ཀུན་ཏུ་སྨད།།
ཅེས་གསུངས་པ་དང་།
ཡང་དེ་ཉིད་ལས།
མཐར་བའི་ཆོས་དང་འགལ་བའི་ཕྱིར།།
མི་རྣམས་སྔངས་བར་འགྱུར་བའི་ཤ།།
དེ་ཕྱིར་བཟའ་བར་མི་བྱ་སྟེ།།
འདི་ནི་འཕགས་པའི་རྒྱལ་མཚན་ནོ།།

ཞེས་གསུངས་པའི་ཕྱིར།
དེང་སང་ཤ་ཟོས་ན་འགྲིག་ཅེས་བཤད་པ་དག་གིས།
ཁུང་ལུང་གང་ན་ཡང་མ་བརྟེན་པར་རིག་པ་ཙམ་གྱིས་སྒྲུབ་པར་བྱེད་འདོད་པ་ནི་བཅོལ་ཆུང་གི་ལུས་སུ་སྣང་སྟེ།
ཤ་ཟོས་པའི་ཉེས་དམིགས་ནི་ཤིན་ལྐོག་ཡིན་ཙང་། སངས་རྒྱས་ཁོ་ན་ལས་ང་ཚོ་སོ་སྐྱེས་ཞིག་གི་རིག་པའི་ཡུལ་ལས་འདས་པའི་ཕྱིར། ཤ་ཟོས་པའི་ཉེས་དམིགས་ཡོད་མེད་དེ། མདོ་དང་བསྟན་བཅོས་དག་ལ་རྟེན་ནས་ལབ་དགོས་པ་ཡིན་ཏེ། ཞལ་བྱ་ཤིན་ལྐོག་ཡིན་པའི་ཕྱིར།
དེས་ན་ཚད་མ་རྣམ་འགྲེལ་ལས།
སྐབས་གསུམ་པ་རུ་འཕོས་པ་ན།།
བསྟན་བཅོས་ལེན་པ་རིག་ལྡན་ཡིན།།
ཞེས་གསུངས་པ་ལྟར་གནད་འདི་དག་ལུང་ཚད་མ་དག་ལ་བརྟེན་ནས་སོ་སོར་འབྱེད་དགོས་སོ།།
དེས་ན་རྒྱལ་བ་ཤཱཀྱ་བསྟན་པའི་སྙིང་དོན་ནི།

མདོ་ལས།

མདོར་ན་ཆོས་ནི་མི་འཚེ་བ།།
དེ་བཞིན་གཤེགས་པ་རྣམས་ཀྱིས་གསུངས།།
ཞེས་དང་གཞན་ཡང་།
སྡུག་པ་ཅི་ཡང་མི་བྱ་ཞིང་།།
དགེ་བ་ཕུན་སུམ་ཚོགས་པར་སྤྱད།།
རང་གི་སེམས་ནི་ཡོངས་སུ་འདུལ།།
འདི་ནི་སངས་རྒྱས་བསྟན་པ་ཡིན།།
ཞེས་གསུངས་བའི་ཕྱིར་སངས་རྒྱས་ཀྱི་བསྟན་པའི་སྙིང་དོན་མཐར་ཐུག་པ་ནི་མི་འཚེ་བ་འདི་ཡིན་ན། ཤ་ཟོས་པའི་གཞན་ལ་འཚེ་བར་འགྱུར་བ་ཡིན་ཏེ།

མདོ་ལས།

ཐར་བའི་ཆོས་དང་འགལ་བའི་ཕྱིར།།
གསུངས་པའི་ཕྱིར་དང་། གཞན་ཡང་།
སངས་རྒྱས་ངན་སོང་ཐམས་ཅད་ཡོད་སུ་སྦྱོངས་བ་གཟི་བརྗིད་ཀྱི་རྒྱལ་པོའི་བརྒྱུད་ལས།
ཤ་ལ་སོགས་པ་བཟའ་མི་བྱ།།
སེམས་ཅན་གནོད་པའི་སྦྱོར་བ་ནི།།
ནམ་ཡང་བྱ་བ་མ་ཡིན་ཏེ།།
ཞེས་དང་།

འཕགས་པ་ཀླུའི་རྒྱལ་པོ་རྒྱ་མཚོའི་ཞུས་པའི་མདོ་ལས།
གྲོགས་པོ་དག་ལས་བསོ་བའི་ཕྱིར་གཞན་གྱི་སྲོག་བཅོད་པར་མི་བྱ།
དེ་ཅིའི་ཕྱིར་ཞེ་ན།
སེམས་ཅན་ཐམས་ཅད་ལ་སྲོགས་གཅེས་ཤིང་ཕངས་པའི་ཕྱིར་ཏེ།
གྲོགས་པོ་དག་དེ་ལྟ་བས་ན་བདག་ཉིད་བསྲུངས་བའི་ཕྱིར་དང་།
འཇིག་རྟེན་ཕ་རོལ་པོ་བསྲུངས་བའི་ཕྱིར་དང་།
སེམས་ཅན་ཐམས་ཅད་ལ་བདེ་བ་སྦྱིན་པའི་ཕྱིར་མཁས་པའི་སྲོག་གི་ཕྱིར་ཡང་གཞན་གྱིས་སྲོག་མི་གཅོད་ཅིང་།
བྱ་བ་མ་ཡིན་པ་ཐམས་ཅད་མི་བྱའོ།།
ཞེས་གསུངས་པ་ལྟར་ཤ་ཟ་བར་གནང་བའི་མདོ་དང་བསྟན་བཅོས་གང་ནའང་མ་དམིགས་པའི་ཕྱིར།
ཡང་མདོ་ལང་ཀར་གཤེགས་པ་ལས།
གང་གིས་ཐུབ་པའི་ཚིག་འདས་ཏེ།།
བསམ་པ་ངན་པའི་ཤ་ཟོས་ན།།

ཞེས་དང་། ཡང་དེ་ཉིད་ལས།

རྣལ་འབྱོར་ཅན་གྱིས་ཤ་མི་བཟའ།།
ང་དང་སངས་རྒྱས་དག་གི་བཤད།།

ཅེས་དང་། ལུང་ལས།

སེམས་ཅན་ཐམས་ཅད་མ་ཡིན་ན།།
སེམས་ཅན་མ་གཏོགས་ཤ་མི་འབྱུང་།།
མ་ཤ་བུ་ཡིས་ཟ་བ་ནི།།
གཅན་གཟན་གྱིས་ཀྱང་མི་རིགས་སོ།།
ཞེས་སོགས་རྒྱ་ཆེར་གསུངས་སོ།།
དེ་ཡང་ཤ་ཟ་བའི་མིས་རྒྱུད་ལ་བྱམས་སོགས་ཀྱང་མི་འབྱུང་བ་ཡིན་ཏེ།

མྱང་འདས་ཀྱི་མདོ་ལས།

རིགས་ཀྱིས་བུ།
ཤ་ཟ་བ་ནི་སྙིང་རྗེ་ཆེན་པོའི་རིགས་གཅོད་པ་ཡིན་ནོ།། ཞེས་དང་།
དེ་ཉིད་ལས། ཤ་ཐམས་ཅད་བཟའ་མི་རུང་ངོ་། ཞེས་དང་།
གཞན་ཡང་།

སངས་རྒྱས་རྣམ་པར་སྣང་འཛད་ཀྱི་བྱང་ཆུབ་སེམས་དཔའི་སེམས་ཀྱི་གནས་བཤད་པ་ཞེས་པའི་མདོ་ལས།
ཤའོ་ཅོག་བཟའ་མི་རུང་དེ། ཟོས་ན་སྙིང་རྗེ་ཞིང་བྱམས་པའི་རང་བཞིན་གྱི་ས་བོན་ཆད་པས་སེམས་ཅན་ཐམས་ཅད་ཀྱི་མཐོང་ན་མཇིག་ནས་སྤོང་ངོ་། དེ་ལྟ་བས་ན་བྱང་ཆུབ་སེམས་དཔའ་སེམས་ཅན་གྱི་ཤ་ཟར་མི་རུང་ངོ་། ཤ་ཟོས་ན་སྡིག་པ་གྲངས་མེད་དེ་ཤ་ཟོས་ན་ལྟུང་བའོ།། ཞེས་གསུང་པ་དང་།
གཞན་ཡང་རྒྱལ་སྲས་ཞི་བ་ལྷས།

ཤ་ཟོས་ལུས་ལ་དྲི་ཟ་སྲིན་པོའི་བདུད།།
གཤིན་རྗེ་མོ་འདྲེ་རྒྱལ་འགོང་དམ་སྲི་འཁོར།།
ཤ་ཟོས་འབྲས་བུ་དམྱལ་བར་སྐྱེ་བ་དང་།།
བྱ་རིགས་ལྕེ་སྤྱང་སྲིན་པོ་སོགས་ལས་ལེན།།
དེ་བཞིན་ཤ་ཟོས་སྡུག་བསྔལ་དཔག་མེད་ཡོད།།
ཅེས་སོགས་གསུངས་པ་ལྟར་ནང་ཆོས་ཀྱི་ལུང་ཚད་མ་དག་ལ་བརྟེན་ནས་སྐད་ཆ་རོབ་ཙམ་གླེང་ན།
ཤའི་ཉེས་དམིགས་ཀྱི་སྐོར་ནས་དེ་ཙམ་གྱིས་འཐུས་པར་བྱ་ལ། དེ་ལས་མ་འཐུས་པ་ཞིག་ཀྱང་ཞར་ན་མེད། དེས་ན་ཆོས་གཞུང་ནས་དེ་ལྟར་གྲུབ་ཀྱང་ཁས་མི་ལེན་པར། ཚན་རིག་པའི་སྐད་ཆར་ཚད་མཐོན་པོའི་གདེང་འཇོག་བྱེད་པའི་མི་བུ་དག་ལ་འདི་ལྟར། དུས་རབས་འདི་དག་ལ་ཤེས་ཡོན་གྱི་ཚད་མཐོ་སར་སླེབས་ཡོད་པས་མཚན་ཉིད་རིག་པ་བ་འགའི་གསུང་ཚན་དགའ་བཀོད་ན། ༡༩༧༨ལོར་ནོར་བྷེལ་རྩོམ་རིགས་བྱ་དགའ་ཐོབ་མྱོང་བའི་ཨེ་སིག་བྷེ་ཤིབ་སུའི་ཞལ་ནས།
ང་ནི་རང་གི་གཟུགས་པོའི་བདེ་ཐང་གི་ཆེད་དུ་དཀར་ཟས་རང་ལུགས་པ་བྱས་པ་ཞིག་མིན། ང་ནི་བྱ་དེ་རྣམས་ཀྱི་ལས་དབང་གནས་བབས་ཀྱི་ཕྱོགས་ནས་དཀར་སྐྱོང་པ་ཞིག་བྱས་པ་ཡིན། ཞེས་དང་།

གཞན་ཡང་ཇོལ་ཇི་བྷི་ནར་ཤོ་ལེགས་ཀྱིས།
སྲོག་ཆག་རྣམས་ནི་ངའི་གྲོགས་པོ་ཡིན་པས་ངས་ནམ་ཡང་ངའི་གྲོགས་པོ་རྣམས་ཀྱིས་ཤ་བཟའ་གི་མིན། ཞེས་གསུང་པ་དང་།
ཡང་མཚན་ཉིད་རིག་པ་གྲགས་ཅན་ཨེ་དབྱིན་སི་ཐན་གྱིས།
ཇི་ལྟ་ཇི་ལྟར་དཀར་ཟས་རང་ལུགས་པའི་ཕྱོགས་སུ་རིམ་བགྲོད་བྱས་པ་དེ་ལྟ་དེ་ལྟར་མིའི་བདེ་ཐང་དང་།
སའི་གོ་ལའི་མཚོ་གནས་གསོན་ཤུགས་ཡར་རྒྱས་ཡོང་ལ།
དེ་ལས་ལྷག་པའི་ཕན་ཐོགས་ཐབས་ཤིག་གང་ཡང་མེད། ཅེས་སོགས་གསུངས་ལ།
རྒྱ་ཡུལ་དུ་སྐད་གྲགས་ཆེ་བའི་ཉན་ཁྲི་བླ་མས་ཚེ་ཐར་སྲོག་བླུའི་རྣམ་གཞག་ལས།
འཇིག་རྟེན་གྱི་ཆེས་རིན་ཐང་ཆེ་བ་ནི་ཚེ་སྲོག་དང་། གནམ་འོག་ན་ཆེས་གདུག་རྩུབ་ཆེ་བ་ནི་སྲོག་བཅོད་པའོ།། ཞེས་གསུངས་སོ།།
ཉམ་ཆུང་དུད་འགྲོའི་འགྲིན་ཚབ་པ་ཧྥེ་ལེའུ་ཕུ་ཝའོ་རིན་ལགས་ཀྱིས། གཏམ་བཤད་ལས་དྲང་།
དམར་ཟས་ཀྱི་གྲངས་ཚད་བརྒྱ་ཆ་བཅུ་ཙམ་ཇེ་ཉུང་དུ་གཏོང་ཐུབ་ན་དེས་མི་འབོར་དུང་གཅིག་ཙམ་གསོ་ཐུབ་ཀྱིན་ཡོད་པ་དང་། དམར་ཟས་གཏན་དུ་སྤོང་ཐུབ་ན་ནམ་ཡང་བཀྲེས་ལྟོགས་ཀྱི་དཀའ་ངལ་ཡོད་མི་སྲིད། ཅེས་སོགས་མང་དུ་གསུངས་པ་འདུག་ཀྱང་ཡིག་ཚོགས་ལ་འཇིག་ནས་སྤོང་ངོ་།།
མདོ་དང་བསྟནབཅོས་དག་ན་འདི་ལྟར་བྲིས་ན་མི་ཚར་བའི་ཁུང་དང་ལུང་མང་དུ་མཆིས་ཀྱང་། འདིར་ཕྱོགས་ཙམ་བཀོད་ནས་འཐུས་པར་བྱས་ཡོད།
འོན་ཀྱང་ཀློག་པ་པོ་དག་གིས་རྒྱས་པར་ཤེས་འདོད་ན་གཞན་དུ་གཟིགས་པར་འཚལ།
མཐར་འགྲོ་བའི་ཁམས་ཀུན་གྱི་སྐྱེ་འགྲོ་ཚོའི་ཁུང་ལུང་མེད་པའི་སྐད་ཆ་དག་ལ་རྒྱབ་བརྟེན་ནས་བྱུང་བའི་ལོགས་པའི་འཚོ་བ་དག་སྤོང་ཏེ།
དུས་རབས་འདིར་སྐྱེ་འགྲོ་མཐའ་དག་གི་ཞི་བའི་ལམ་བཟང་འདེད་ཐུབ་པའི་རེ་བཅོལ་དང་སྨོན་འདུན་ཞུ།།

རི་དྭགས་མི་འཇིག་ནགས་ཀྱི་གནས་མཆོག་ནས།།
འཁོར་གྱི་ཐོག་མ་ལྔ་སྡེ་བཟང་པོ་ལ།།
ཆོས་འཁོར་ཐོགས་མ་བདེན་བཞི་སྟོན་མཛད་པའི།།
སྟོན་མཆོག་ཐུབ་པའི་དབང་པོར་གསོལ་བ་འདེབས།།
རྫ་སྐྱེས་གངས་དུངས་སུ་འབོད་པ་དེས་རྫོགས་ཆེན་ཤྲི་སེང་ནཱ་ལེནྡྲ་མཐོ་རིམ་ནང་བསྟན་སློབ་གླིང་ནས་བྲིས།

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*