རྩོམ་པ་པོ། མཁན་པོ་ཆོས་དབྱིངས་རྡོ་རྗེ།
སྐྱབས་ཀུན་འདུས་ཞལ་དཔལ་ལྡན་བླ་མ་དང་།།
དབྱེར་མེད་ཁྱབ་བདག་སྟོན་པ་ཀྱེ་རྡོ་རྗེའི།།
སྐུ་གསུང་ཐུགས་དང་ཡོན་ཏན་ཕྲིན་ལས་བཅས།
མ་ལུས་གཅིག་ཏུ་བསྡོམས་པའི་ནག་པོ་ཆེར།།
དུས་འདི་ནས་བཟུང་བྱང་ཆུབ་སྙིང་པོའི་བར།།
ཅི་མཛད་ཁྱེད་ཤེས་བློ་གཏད་ལིངས་བཅོལ་གྱིས།།
སྐྱབས་སུ་འགྲོ་ཞིང་ལུས་དང་ལོངས་སྤྱོད་དང་།།
དུས་གསུམ་བདོག་པ་ཅི་མཆིས་འབུལ་ལགས་ན།།
བདག་ལ་བརྩེ་བས་དགོངས་ཤིང་བཞེས་ནས་ཀྱང་།།
སྐད་ཅིག་ཙམ་ཡང་འབྲལ་བ་མེད་པའི་ངང་།།
ན་བའི་བུ་ལ་བུ་གཅིག་མ་བཞིན་དུ།།
རྟག་ཏུ་སྲུང་ཞིང་སྐྱོང་བར་མཛད་དུ་གསོལ།།
སྲིད་ཞིའི་ཕན་བདེའི་འབྱུང་གནས་དམ་པའི་ཆོས།།
རྒྱལ་དང་རྒྱལ་སྲས་རྣམས་ཀྱི་བཞེད་དགོངས་ལྟར།།
ལུང་རྟོགས་བསྟན་པ་བཤད་སྒྲུབ་ལས་གསུམ་གྱིས།།
ཕྱོགས་དུས་གནས་སྐབས་ཀུན་ཏུ་སྤེལ་ནུས་ཤོག།
སྐྱེ་བ་ཀུན་ཏུ་ད་ལྟའི་ལུས་རྟེན་ལྟར།།
ཡང་དག་བླ་མ་རྣམས་དང་མཇལ་བ་དང་།།
འབྲལ་མེད་ཆོས་ཀྱི་ཉིང་ཁུར་རང་གཞན་གྱིས།།
ཅི་དགར་སྤྱོད་པའི་སྐལ་བ་ལྡན་པར་མཛོད།།
བདག་ལ་བརྟེན་ནས་ཡིད་ཅན་སུ་ལ་ཡང་།།
དངོས་སུའམ་བརྒྱུད་ནས་གནོད་པ་མི་འབྱུང་ཞིང་།།
ལུས་ཀྱི་གྲིབ་མ་ཡན་ཆོད་འགྲོ་བ་ཡི།།
ཕན་བདེ་ཁོ་ནའི་རྒྱུ་རུ་བསྒྱུར་བར་མཛོད།།
བདག་དང་བདག་གིར་སྲེད་པའི་བགས་ཆགས་བཅས།།
གཞན་དང་གཞན་དག་སེམས་པར་གནས་བསྒྱུར་ཅིང་།།
སྒོ་གསུམ་རྡོ་རྗེ་གསུམ་གྱི་རང་བཞིན་ལས།།
ནམ་ཡང་གཡོ་མ་མྱོང་བ་མངོན་གྱུར་མཛོད།།
འཁོར་བ་སྡུག་བསྔལ་ཡིན་པ་མཐོང་བ་དང་།།
རང་བཞིན་མྱང་འདས་ཡིན་པར་ལྟ་བ་གཉིས།།
ཇི་བཞིན་མངོན་དུ་གྱུར་ཚེ་མཉམ་ཉིད་དུ།།
རྟོགས་པའི་གོ་འཕང་ཚེ་འདིར་བརྙེས་པར་མཛོད། །
ཇི་ལྟར་རྒྱལ་བས་སྨོན་ལམ་བཏབ་པ་ལྟར།།
དེ་ལྟར་བདག་གིས་རྩེ་གཅིག་འདེབས་ལགས་ན།།
ཇི་བཞིན་རྒྱལ་བའི་སྨོན་ལམ་འགྲུབ་པ་ལྟར།།
དེ་བཞིན་བདག་གི་སྨོན་ལམ་འགྲུབ་པར་མཛོད།།
གནས་མཆོག་རྡོ་རྗེ་གདན་ནས་༢༠༢༡།༡༢།༠༣ ལ།
དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།