རྣམ་རྟོག་གིས་བཞེངས་བའི་མཚན་མོ།

                                                          གྱིན་འདའ་བ། ཁྲི་འདུ།

དོ་ནུབ་བས་མཐའི་ཚལ་ནས་ཉམས་ལེན་བགྱིད།།
འཁོར་བའི་དྲི་མ་བསེད་པའི་སྔོན་འགྲོ་སྦྱོང་།།
རྣམ་རྟོག་འོག་འགྱུ་རེ་ལ་བླག་ཏེ་སྒོམ།།
སེམས་ཀྱི་དམིགས་པ་རེ་ལ་གཉུལ་ཏེ་འཚོལ།།

དོ་ནུབ་སྤྱི་ཁང་དེ་ནས་ཏིང་ངེར་འཇུག།
སེམས་པ་ཨོ་ཟོབ་མིན་པའི་དམ་བཅའ་འཇོག།
ཅམ་གྱིས་འཁུ་འཁྲིག་དེ་དག་བསིང་བ་བྱ།།
སྙུགས་ཀྱི་རྣམ་རྟོག་དེ་དག་འབལ་བ་བྱ།།

དོ་ནུབ་ཁེར་རྐྱང་ངང་ནས་ཉམས་ལེན་བྱེད།།
ལྷིང་འཇགས་ཟས་སུ་བྱས་ཏེ་རང་ཉིད་འཚོལ།།
རྟོག་པ་སེམས་བྱུང་རེ་རེའི་འཕར་རྩལ་སྒོམ།།
སྣང་བའི་རི་མོ་རེ་རེའི་ཁ་དོག་ཕབ།།

དོ་ནུབ་ལྷིང་འཇགས་ཁྲོད་ནས་ངལ་གསོ་བསྟེན།།
དབྱངས་ཀྱི་འགྱུར་ཁུག་སྙི་མོ་སྔས་སུ་འཇོག།།
སེམས་ཀྱི་རྣམ་རྟོག་དྲི་མ་གཙང་མར་དབྱི།།
ཡིད་ཀྱི་འཕྲོ་འདུ་རབ་རིབ་རྒྱང་དུ་བསེད།།

དོ་ནུབ་སྨག་མཚན་ལྗོངས་ནས་རྨི་ལམ་སྙེག།
འཁྲུལ་སྣང་དབང་ལྔའི་ཡུལ་གྱི་འཇིག་རྟེན་ལ།།
མཁའ་ཡི་གཉི་ཟླའི་འོད་ཀྱིས་བསྲོས་པར་བྱ།།
སྲིད་གསུམ་རི་བོའི་བཅུད་ཀྱིས་གཏམས་པར་བྱ།།

དོ་ནུབ་དགུ་ཚིགས་ངོས་ཀྱི་དཀྱིལ་འཁོར་ལས།།
འོད་ཀྱི་རྡུལ་ཕྲན་ཞིག་གིས་འཇིག་རྟེན་བཞེངས།།
དགའ་སྐྱོ་ཡ་མ་ཟུང་གིས་གྲུབ་ཆ་བྱེད།།
རྣམ་རྟོག་གྱ་མ་གྱུར་གྱིས་རུ་མ་བྱེད།།

མདོར་ན་བདག་གི་སྣང་བའི་སྡུམ་པ་རུ།།
ཚོར་བའི་འཚེད་ཤིང་ཐམས་ཅད་སྦར་བྱས་ཏེ།།
སྒོ་གསུམ་ཉོན་མོངས་མེ་ལ་བསྲེགས་པར་བྱ།།
དུས་གསུམ་སྙན་ངག་ཚིག་གིས་སྤུད་པར་བྱ།།

2021.12.12

Be the first to comment

Leave a Reply

Your email address will not be published.


*