ས་སྐྱ་སྨོན་ལམ་ཐེངས་སུམ་ཅུ་པ།

 

དེ་ཡང་དབུས་དཔལ་ས་སྐྱའི་འཇིག་རྟེན་ཞི་བདེའི་སྨོན་ལམ་ཚོགས་པའི་སྤྱི་ཚོགས་འབྲེལ་མཐུད་དྲ་བ་ངོ་དེབ་ནང་གནས་ཚུལ་སྤེལ་བ་ལྟར་ན། ཕྱི་ལོ་ ༢༠༢༡ ཟླ་ ༡༢ ཚེས་ ༢༤ ནས་ཚེས་ ༢༨ བར་ཉིན་ལྔའི་རིང་དཔལ་ས་སྐྱའི་འཇིག་རྟེན་ཞི་བདེའི་སྨོན་ལམ་ཆེན་མོ་ཐེངས་སུམ་ཅུ་དེ་ཚོགས་ཡོད་འདུག །

 

སྤྱིར་དཔལ་ས་སྐྱའི་སྨོན་ལམ་ཆེན་མོ་དེ་བཞིན་ལོ་གྲངས་མང་པོ་ཞིག་སྟོན་པ་སྐུ་བལྟམས་པའི་གནས་མཆོག་ལུམ་བྷི་ནེར་ཚོགས་ཡོད་པ་དང་། ཉེ་བའི་ལོ་ཁ་ཤས་སྔོན་ནས་སྟོན་པ་སངས་རྒྱས་པའི་གནས་མཆོག་རྡོ་རྗེ་གདན་དུ་ཚོགས་བཞིན་ཡོད། འོན་ཀྱང་བར་ལམ་རྟོག་དབྱིགས་ནད་ཡམ་གྱིས་རྐྱེན་པའི་ཡུ་གྲུ་མང་པོ་ཞིག་ཏུ་འགྲོ་བསྐྱོད་ཀྱི་དཀའ་ངལ་རིགས་འཕྲད་བཞིན་ཡོད་པ་མ་ཚད། གནས་ཡུལ་རྒྱ་གར་ནང་དུ་ཡང་སྔར་རྒྱུན་བཞིན་བློ་བདེ་བག་འཕེལ་ངང་སྨོན་ལམ་ཚོགས་པ་སོགས་འདུ་འཛོམས་རིགས་བྱེད་རྒྱུར་སྟབས་བདེ་མེད་པ་སོགས་ཀྱིས་རྐྱེན་པས་འདི་ལོའི་སྨོན་ལམ་ཐེངས་སུམ་ཅུ་པ་དེ་བཞིན་དྲ་ཐོག་ནས་ཚོགས་གནང་ཡོད་འདུག ། དེ་ཡང་རྒྱ་བལ་འབྲུག་གསུམ་ཁུལ་གྱི་དཔལ་སྡེ་ས་སྐྱ་པའི་ཆོས་བརྒྱུད་འཛིན་པའི་དགོན་སྡེ་ཁག་བཞི་བཅུ་ཞེ་དྲུག་ཙམ་གྲྭ་བཙུན་སྔགས་གསུམ་བསྡོམས་པའི་ཁྱོན་དགེ་འདུན་པ་སུམ་སྟོང་བརྒྱད་བརྒྱ་༣༨༠༠ལྷག་ཞིག་ཚོགས་བཞུགས་གནང་ཡོད་པ་མ་ཚད། ས་ངོར་ཚར་རྫོང་གི་བསྟན་བདག་ཁྲི་པ་བླ་ཆེན་རྣམ་པ་ཡང་མཉམ་ཞུགས་གནང་ཡོད་འདུག ། དྲ་ཐོག་ནས་སྨོན་ལམ་ཚོགས་ཕེབས་པ་འདུས་ཚོགས་ཡོང་ལ་དཔལ་ས་སྐྱའི༧སྐྱབས་མགོན་༧གོང་མ་ཁྲི་ཆེན་རིན་པོ་ཆེ་དང་། ༧སྐྱབས་མགོན་གོང་མ་ཁྲི་འཛིན་རིན་པོ་ཆེ་རྣམ་གཉིས་ཀྱི་བཀའ་སློབ་དང་བཀའ་ཆོས་སོགས་ཀྱང་བཀའ་དྲིན་བསྐྱངས་གནང་མཛད་ཡོད་འདུག །

དགོན་སྡེ་ཁག་ནས་༧སྐྱབས་མགོན་༧གོང་མ་ཁྲི་ཆེན་རིན་པོ་ཆེ་དང་། ༧སྐྱབས་མཆོག་ངོར༧ཀླུ་ལྡིང་མཁན་ཆེན་རྡོ་རྗེ་འཆང་རྣམ་གཉིས་སྐུ་ཚེ་ཞབས་པད་བསྐལ་པར་ཚོར་བརྟན་ཅིང་བཞུགས་པའི་ཆེད་དུ་སྐུ་པར་མཐོང་གྲོལ་རིན་པོ་ཆེ་སོ་སོའི་མདུན་དུ་བརྟན་བཞུགས་ཞིག་ཀྱང་ཕུལ་ཡོད་འདུག །

རྩོམ་སྒྲིག་པ་སྟག་ལྗོངས་འཆི་མེད། རྩོམ་ཡོངས།
སྤྱི་ཁྱབ་རྩོམ་སྒྲིག་པའི་ཟུར་མཆན། >> རྩོམ་སྒྲིག་པ་སྟག་ལྗོངས་འཆི་མེད་ལགས་ནི་འཕྲིན་ཕྲན་ནམ་སྨྱུག་མིང་ལ་སྨར་འཐོར་རླུང་ལགས་ཡིན།

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*