གང་བྱུང་ཚིག་གི་བརྡ་གླུ།

                                            ཧུན . དུར་རོ། {དཀར་མཛེས}

མཚོ་སྟེང་པད་མའི་གདན་ལ་ངག་རིག་གི་རླུང་གཡོ།།
པད་མའི་གེ་སར་ངོས་ལ་ཧྲི་ཡིག་གི་མཚན་འབར།།
འཇམ་དབྱངས་སྙིང་གི་ཐིག་ལེ་ཤེས་རབ་གྱི་ལྷ་མོ།།
གང་བྱུང་ཚིག་གི་བརྡ་གླུ་འདི་ཉིད་ཅིག་དཀྲོལ་མཛོད།།

ཡིན་མིན་གནས་ལུགས་ངོས་སུ་རྣམ་རྟོག་གི་མདའ་འཕེན།།
ཕོ་མོའི་ཚོར་བའི་བར་ལ་ཁ་ཚིག་གི་མནའ་འཇོག །
འཁོར་བའི་བྲེལ་ཚུབ་མང་བའི་སྣང་བརྙན་ལ་མཇལ་ཚེ།།
གང་ལ་བསམ་ཀྱང་ཁོམ་པའི་གོ་སྐབས་ཤིག་མི་འདུག།

ཨ་ཅག་ལས་ཀྱིས་དེད་དེ་རྒྱ་རིང་ལ་ཆས་འགྲོ།།
ནུ་བོ་ཕ་མའི་ཤུལ་གྱི་སྦྲ་ཁྱིམ་འདིའི་བདག་པོ།།
མིང་སྲིང་གྱེས་ཁའི་སེམས་པ་མུན་ནག་གི་མཚན་མོ།།
གང་ནས་བསམ་ཀྱང་གྱེས་བྲལ་གདུང་བ་འདི་ལྕི་འམ།།

ཡོད་ན་ལས་ཀྱིས་གནང་བའི་རྣམ་རྟོག་གི་མདུད་པ།།
མེད་ན་སྦྱིན་པ་ཉུང་བའི་སྔ་ལྟས་སུ་རློམ་པའི།།
རིགས་དང་རུས་སུ་ཆད་པའི་མི་རིགས་ཤིག་དྲན་ན།།
གང་ནས་བསྡད་ཀྱང་སེམས་པ་ལྷོད་པོ་རང་མི་འདུག །

ཡར་བལྟས་དགུང་སྔོན་ཟླ་བ་དལ་དུལ་གྱིས་རྒྱུ་བ།།
ཕར་བལྟོས་ཆུ་ངོགས་ཟླ་བ་གསལ་གསལ་ངང་མཇལ་ཡང་།།
ལས་ཀྱིས་གནང་བའི་ཁ་ཡིག་ནག་ནོག་ལས་མི་འདུག །
གང་ནས་དྲན་ཀྱང་སྣང་བ་སྐྱིད་པོ་ཞིག་མ་རེད།།

ཨ་མ་ལས་ཀྱིས་བསྩལ་བའི་དྲན་ཆེན་ཞིག་འདུག་ཀྱང་།།
དེ་ལ་ཁ་ལེན་ངག་བརྩི་ཡང་དག་ཅིག་མ་ཐུབ།།
བུ་སྡུག་བས་མཐར་ཉུལ་ནས་ལོ་མང་ཞིག་ལོན་པས།།
ད་ལྟ་གང་ནས་བརྩིས་ཀྱང་དྲིན་ལན་ཞིག་འཕྲོད་མེད།།

རིག་གཞུང་ལྡིང་ཁང་སྐས་ལ་གོམ་པ་ཞིག་སྤོས་ཀྱང་།།
ཤེས་རབ་རྐང་པ་ཡ་གཅིག་རྩ་བ་ནས་ཆད་འདུག།
ད་དུང་བརྩོན་འགྲུས་རྐང་པའང་བདེ་མོ་ཞིག་མ་རེད།།
གང་ལ་འབད་ཀྱང་གོ་སྐབས་ཕྲ་མོ་ལས་མི་འདུག །

བྱིས་དུས་ཨ་ཕ་ཟེར་བའི་འབོད་ས་ཞིག་མེད་སོང་།།
གཞོན་དུས་ཨ་ཕྱི་ཞང་བོ་མི་ཡུལ་དང་ཞལ་གྱེས།།
དར་དུས་ཚོར་བའི་འདུ་འགོད་རང་དབང་ལ་མི་ཡོང་།།
གང་ལ་བལྟས་ཀྱང་བྱི་ཕྲུག་ནག་ཐོ་དེ་ང་ཡིན།།

མི་ཚེ་ཕར་ཕར་ཟད་པའི་ཉི་ནུབ་དང་འདྲ་ལ།།
ལོ་ཟླ་ཚུར་ཚུར་འོང་བའི་མུན་ནག་གི་གྲིབ་མ།།
ལོ་མའི་སྟེང་གི་ཟིལ་བ་ཆུང་ཆུང་ཞིག་ཡིན་པས།།
གང་ལ་གནས་ཀྱང་རྟག་པའི་གོ་སྐབས་ཤིག་མེད་དོ།།

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*