སྦྲུལ་ཞགས། < གོ་འཇོ། >
མཁས་པས་ནམ་འཕང་གཅོད་པའི་ཤེས་རབ་ཆབ།།
དྲང་མོས་སྒལ་ཚིགས་སྲུང་བའི་དམ་བཅའི་སྨན།།
མཛངས་མས་འོ་མགྲིན་རྒྱན་པའི་རིན་ཆེན་བྱིན།།
ཐམས་ཅད་དྲི་ཟའི་གཤོག་པས་ལང་ལིང་བཅག །
ཆུ་འཛིན་དར་དཔྱང་འཐེན་པའི་ལྡིང་ཁང་དུ།།
སྤྲོས་བྲལ་རྡོ་རྗེའི་རོལ་མོའི་མེ་སྟག་འཚུབ།།
སྙན་དཀྱུས་སྤུ་རིས་ཟིན་པའི་རྒྱུད་མངས་སྒྲས།།
བདེ་སྟོང་ཉམས་ཀྱིས་ཐིག་ལེའི་སྦུག་ཏུ་ཟུམ།།
ཐ་སྙད་གཏེར་སྒྲོམ་ཟླུམ་པོའི་ལྟོ་བ་རུ།།
རིག་བྱེད་སྤྲོས་པོའི་རྫ་རྔ་འདར་ཤིགས་སེ།།
སྣོད་བཅུད་གཡང་གི་ར་བའི་བཅུད་སྤུངས་ཏེ།།
སྣང་སྲིད་ངག་དབང་འབྱོར་བའི་རྫུ་འཕྲུལ་ཐོགས།།
ནར་ནར་གླེགས་བམ་སེར་པོའི་ཉིན་སྲིབ་ཏུ།།
འདྲེན་བྱེད་སྐྱེན་པོའི་གར་ལ་གཡེང་ཙ་ན།།
དྲི་ཟའི་ཚངས་སྲས་དགའ་མའི་ཟུར་མིག་གིས།།
བདག་མགྲིན་རྩ་མདུད་གྲོང་ནས་ཆོ་ངེ་སློང་།།
མི་ཤིགས་ཕ་ལམ་གྲུབ་པའི་འདོད་འབྱུང་བུམ།།
གནས་ཆེན་བརྒྱ་རྩ་བརྒྱད་ཀྱི་ས་ཆུ་བླུགས།།
དགེ་ལེགས་སྙན་པའི་རེ་ཁཱ་དངོས་གཤམ་སྟེ།།
མ་བཅོས་གཉུག་མའི་ཀློང་ནས་རྗེ་ཉིད་འཁྲེང་།།
ཉམ་ཉེན་རྐུབ་བསྟོད་བདོག་པ་མ་འདོད་པའི།།
ཀུན་གཞི་ཁམས་ནས་དང་བ་གསོས་པའི་ཆབ།།
གཅམ་བུའི་སྤྲེལ་ལད་ངལ་བས་མ་རྨས་པའི།།
བསྟོད་ཕྲེང་ཆུ་ཤེལ་རིལ་བོའི་གདོང་ཐག་འཐེན།།
བྱད་བཞིན་ཞིབ་ཅིང་ཕྲ་བའི་དབྱངས་ཅན་སྐུ།།
དད་པའི་རྒྱང་ཕྱག་སྙིང་ཁར་ཆེར་ཟུམ་ཏེ།།
མགོ་བོ་ལན་གྲངས་བཏུད་པའི་ཁོ་བོ་ལ།།
བྱིན་རླབས་ཟླ་བའི་བསིལ་མ་སྩོལ་ཅིག་ཀྱེ།།
ཤེས་རྨོངས་དུག་རླངས་འཁྲིགས་པའི་མུན་ཁུང་དུ།།
འོད་གོང་རྣམ་རིག་གསར་བའི་གཟི་དཔལ་དཔྱིད།།
འཕྲིན་ལས་ཟེར་མའི་གློག་ཞགས་ལ་ཆིབས་ནས།།
རྫབ་རྫོབ་སྨག་རུམ་སྟུག་པོ་གཞོམ་མཛོད་ཅིག །
བསོད་ནམས་བྱེ་བས་སྤུངས་པའི་འབྲི་ཤོག་སྟེང་།།
ཕུར་ཚུགས་གཟུང་སྔགས་བཟླ་བའི་དབྱངས་ཅན་བུ།།
འཕྲུལ་ཐབས་སྒྱུ་མའི་ཚིག་ཚོགས་གདན་བཏིང་སྟེ།།
དགའ་སྐྱོའི་རྐོ་གྲུ་ཐེད་པོས་རྒྱལ་ཁམས་འགྲིམ།།
མི་དཔོག་གང་གཱའི་ཁྱུང་སྔོན་ཟླུམ་པོའི་དབུས།།
རིག་བྱེད་སྒྲོས་གཙང་ཉ་མོའི་འཁྱུག་རྩལ་ངོམ།།
ཆོས་སྲིད་དགེ་མཚན་འབར་བའི་གླིང་ག་ནས།།
ཐོས་བརྩོན་རྣོ་སོ་བརྡར་བའང་གང་ཉིད་དྲིན།།
སྙིང་རྗེའི་འོ་མཚོ་བསྲུབས་པའི་གྲུ་གཟིང་ལས།།
ངག་རིག་དབྱངས་ཀྱི་མར་ལོའི་རླབས་རིས་འཕྱོ།།
ཚིག་རྒྱན་ཉམས་ཀྱིས་འགྱིང་བའི་བཻ་ཌཱུའི་གན།།
སྤྲིན་དཀར་ཅོད་པན་འཆང་བའི་སྒྲ་དབྱངས་ལྷ།།
སྒེག་འགྲོས་ལྡམ་ལྡེམ་ནར་མོའི་གོམ་ཁའི་བར།།
གཟི་རིས་རྫུ་བག་མཁས་པའི་གཡོ་སྒྱུའི་འཕྲུལ།།
ཁྱུག་ཁྱུག་པད་དཀར་འདབ་བརྒྱད་ཡང་སྟེང་དུ།།
བརྗིད་ཅིང་འགྱིང་སྟབས་ངོམ་པའི་མཚོའི་པདྨ།།
སུམ་དཀྱུས་འདང་གི་ཨ་ལོང་སྒོར་སྒོར་སྟེང་།།
རིག་བྱེད་སྟོང་སྐུད་དམར་པོའི་རབ་རྩེན་ནས།།
འཁོར་བའི་རྒྱུད་ཐག་སྒུལ་བའི་སོར་མོའི་རྡུལ།།
འཆིང་བྱེད་ངག་རིག་སྒོ་འཕར་ད་འཕྱོས་ཤིག །
༢༠༢༡ ༡༢ ༢༩
དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།