སྒྱུ་མའི་དབྱངས་ལ་འཐེན་པའི་མགུར་མ།

                                                                     ཧུན . དུར་རོ། {དཀར་མཛེས}

གདངས་དབྱངས་སྙན་པའི་དབྱངས་ཀྱི་འཇེབས་པ་ངག་རིག་བུ་མོའི་མགྲིན་པར་འཁྱུད།།
ཨེ་ཨེ་དབྱངས་ཅན་ངག་གི་ལྷ་མོ་སྒྱུ་མའི་གླིང་ག་འདིར་ཕེབས་དང་།།
ཨ་ཧོ་སྐྱོ་བའི་གླུ་ཆུང་མགུར་མ་མི་ལ་རས་པའི་ངག་ན་དག།
སྐྱོ་བའི་ལན་ལ་སྐྱིད་པའི་མགུར་ཐུང་ལན་ཅིག་ལེན་རོགས་བགྱི་བར་གྱིས།།

མཚོ་སྟེང་པད་མ་དགྱེས་པའི་ཁ་རུ་གེ་སར་གསར་བའི་མཚར་སྡུག་འཛུམ།།
ཚངས་པའི་སྙིང་གི་ཐིག་ལེར་ཤར་བའི་ངག་རིག་བུ་མོ་ཁྱེད་ཉིད་ནི།།
ཐུན་མོང་མི་ཡི་གར་ལ་རོལ་བའི་ཁྱེད་ནི་བདག་ཅག་སྐྱབས་སུ་གྲོལ།།
ཕྱི་ནང་བུ་སློབ་མགྲིན་པའི་སྟེགས་བུར་གར་སྟབས་འཁྲབ་པ་ལན་ཅིག་མིན།།

འཇམ་དབྱངས་ཕྱག་ལ་མེ་ཏོག་འབུལ་བར་ཆུ་གཙང་དྭངས་མའི་སྐུ་ཁྲུས་བགྱི།།
ཟླ་བ་གསར་བའི་མདངས་ལ་འགྲན་པའི་ལྷ་མོ་ཁྱེད་འདྲ་སྲིད་ན་དཀོན།།
ཆུ་ཕོར་གང་གི་དོད་དུ་ཕུལ་བའི་ཚིག་རྐང་རི་མོ་ནག་ནོག་ཅིག།
ལག་པས་བསྐྱོར་ཅིང་ཡིད་ལ་བཏགས་ནས་ལོ་མང་གྲངས་ཀྱིས་མི་ཟིན་ནོ།།

ལན་ཆགས་རི་བོ་མི་མངོན་ཞིང་གི་ལྟེ་བར་ཟུག་པ་ངོ་མཚར་གཞི།།
མཐིང་ནག་སྤྲིན་པ་རྣམ་རྟོག་གློ་གྲིས་ཚལ་བ་ཚལ་བར་གཤགས་པ་དེ།།
དུར་ཁྲོད་མུན་པའི་རུས་པ་དཀར་པོར་མེ་ཏོག་བཞད་པའི་སྔ་ལྟས་ཡིན།།
འཁྲུལ་སྣང་རི་མོ་མཐའ་ཡས་རྒྱ་མཚོའི་གོས་ཅན་ངོས་སུ་འབྲི་བར་རྩོམ།།

ཆགས་པའི་གློག་ཞགས་བྲང་གི་ངོས་སུ་ལན་མང་འཁྱུག་ལ་ལན་མང་གཡོ།།
རྨི་ལམ་འཆར་སའི་མེ་ལོང་ཞིག་ནི་གདོད་མའི་གྱང་ལ་བརྐོ་བར་འདོད།།
འགྱུར་མེད་བརྩེ་བའི་དམུ་ཐག་རིང་མོ་དབྱངས་ཅན་ངག་གི་རྒྱུད་ལ་འདོགས།།
ཚངས་པའི་ངག་ལ་དྲི་ཟའི་དབྱངས་ཀྱིས་རབ་འདེགས་སྩོལ་བ་འདི་གོ་རྨད།།

སྐྱི་ལྤགས་ངོས་ཀྱི་གས་སྲུབས་རེ་རེ་བརྩེ་གདུང་དུག་གི་ལན་ཆགས་ཡིན།།
སྐད་ཅོར་སྨྲ་བར་བྲེལ་ཤ་ལངས་བས་མྱན་ངན་གཞུང་གི་འཁྲིས་སུ་འདར།།
ཟླ་འོད་འོག་གི་ཁྲག་རྩ་འདར་བ་ལན་གཅིག་མ་ཡིན་མང་དུ་སྤུར།།
བཟི་ཁ་བཙན་པའི་ནས་ཆང་སྔོན་མོར་ཧུབ་གང་བཏུང་བས་ཧྲེང་ངེར་ཙོག །

རང་སྤྱིལ་ཆུང་ཆུང་འཚོ་བའི་ངོས་ཀྱི་ཟླ་བ་འཆར་སའི་ཕ་ཁྱིམ་ཡིན།།
རང་མལ་དོག་དོག་རྨི་ལམ་རྨིས་སའི་ཞིང་ཁམས་ནང་གི་ཡང་ཁམས་ཡིན།།
རང་དང་གཞན་གྱིས་ཕུགས་འདུན་འཆར་སའི་མེ་ལོང་དེ་ནི་ཟླ་བ་ཡིན།།
རང་གིས་རང་ལ་རང་ཚོད་ཟིན་པའི་ལག་བརྡ་ཞིག་ནི་བྱ་རན་འདུག །

འཚོ་བ་འདི་ནི་ཅི་ཡང་མེད་པའི་སྟོང་བ་ཉིད་ཀྱི་ངང་ཚུལ་ཅན།།
སྣང་བ་འདི་ནི་ཁ་ཕྱོགས་བོར་བའི་རླུང་བུ་ངེས་མེད་རྗེས་སུ་འགྲོ།།
གྲོགས་དང་སྣང་བ་རི་བོའི་སྐེད་ཀྱི་སྨིག་རྒྱུ་དག་ལ་འགྲན་པར་ཆས།།
ང་ནི་དངོས་གནས་འདི་དང་ཕྱི་མའི་གྱེས་མཚམས་བརྗེད་པའི་བླ་བོར་མི།།

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*