ཁྲག་གདོང་། དཀར་མཛེས།
སྲོད་ཁའི་ཚོར་བྱུང་སྣ་ཚོགས་ལས།།
འཛུམ་ཞལ་སྙིང་དུ་འཁོར་ལེ་བྱུང་།།
བཅོས་མིན་བརྩེ་བའི་ངག་སྨྲ་ཡང་།།
ཡིད་ལ་དྲན་ཐེངས་གྲངས་ཀྱིས་ཟད།།
ཞེ་འཁྲེང་ཀློང་གི་ཞེན་ཆགས་ཤིག།
ངག་ཏུ་བརྒྱུས་ནས་ཁྱེད་ལ་ཕུལ།།
དགའ་ལ་གདུང་བའི་རྣམ་འགྱུར་ལས།།
མིག་ཟུང་དེ་ཡང་མཆི་མས་སྐོར།།
འདི་ནི་མ་བཅོས་བརྩེ་བའི་གཤིས།།
མཛེས་པ་ཕྱུག་པའི་རང་ཡུལ་དུ།།
བྱམས་པའི་མིག་ཟུང་རྒྱང་དུ་ཕྱོགས།།
ལས་འཕྲོའི་འདུན་པ་བརྩེ་བས་རུམ།།
མ་བུའི་ཞེན་ཆགས་འཇིངས་སུ་རིང་།།
འཕགས་མ་ཁྱེད་ཀྱི་འཛུམ་པའི་ཞལ།།
ནམ་ཟླ་དབྱར་ཁའི་མཛེས་སྡུག་བཞིན།།
སྙིང་དུ་སྡུག་ཅིང་དུངས་ཞེན་ཚོགས།།
འཛོམས་པ་ཡག་མོའི་དུས་བཟང་དུ།།
ཡིད་གཞུང་འབབ་པའི་སྣང་བ་གང་།།
མཚོན་ཐབས་ཞིག་གིས་ཡང་ཡང་རེག།
མ་བཅོས་མཛེས་པའི་མེ་ཏོག་ཡོངས།།
ལས་སྨོན་བར་ནས་ཁྱེད་ལ་བཏེགས།།
དངུལ་དཀར་འདྲ་བའི་ལྷག་བསམ་དེ།།
ཚོར་བྱུང་རླབས་ལ་བཤམས་པ་ནས།།
ཡིད་མཐུན་ཟླ་བའི་དྭངས་གཙང་ལ།།
ཆ་འགྲིག་ཡིན་པའི་སྣང་བ་འབྱུང་།།
ཨེ་མ་རྨད་བྱུང་བརྩེ་བའི་ཡུམ།།
ཟོལ་མེད་སྙིང་གི་དགའ་ཞེན་ཡོངས།།
སྣང་བའི་གཏིང་དུ་ཤིན་ཏུ་འཕགས།།
སྒྲིབ་མེད་སྙིང་གིས་མཇལ་དུས་འོག།
སྨུག་པའི་མདངས་བཞིན་ཡག་ལེ་བྱུང་།།
རང་སེམས་གཏིང་དུ་མཛེས་སྡུག་སྨིན།།
མཐོང་བ་དོན་ལྡན་ཁྱེད་ཉིད་ལགས།།
འཛུམ་ཆུང་དམུལ་ལེ་མཉམ་པ་ལས།།
བདག་ཡིད་སྐྱིད་ཀྱིས་ཁེངས་པ་ནས།།
ཡུམ་ཆེན་ཁྱེད་དང་ཁྱེད་བཞིན་དུ།།
འཕྲད་པ་འདི་ནི་བསོད་ནམས་ཤིག།
ལས་སྐལ་བཟང་པོའི་འབྲས་བུ་ཞིག།
རྟེན་འབྲེལ་ཡག་མོའི་ལང་ཚོ་འདི།།
བར་ཐག་བྲལ་བ་རང་འགྲིག་བྱུང་།།
དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།