རིག་བྱེད་ངག་གི་པདྨ་དབྱངས་ཅན་བཞད་པའི་གེ་སར།

 ཐོར་བུ།(དཀར་མཛེས།)

མཚན་དཔེའི་མཛེས་སྡུག་གི་ཉི་མ།།
མཚོ་སྟེང་པདྨ་ལས་མངོན་དུས།།
ནང་སེམས་ཕྱེ་ལེབ་ཀྱི་བུ་མོ།།
ཁྱོད་སྐུའི་ཉེ་འགྲམ་དུ་འཕུར་སོང་།།

མཚར་མཚར་གར་སྟབས་ཀྱི་གློག་ཞགས།།
མཐོན་མཐིང་ནམ་མཁའ་ནས་མངོན་དུས།།
ངག་གི་རིག་བྱེད་ཀྱི་གླིང་བུའི།།
རྩ་མདུད་ལྷག་མེད་དུ་གྲོལ་སོང་།།

ཏིང་འཛིན་པདྨ་ཡི་སྟེང་དུ།།
ཁྱོད་སྐུའི་རྣམ་པ་རུ་བྱོན་པའི།།
བསླུ་མེད་ནགས་ལུགས་ཀྱི་ངོ་བོ།།
འོད་ཀྱི་བུ་ག་རུ་ཤར་སོང་།།

ཟུར་མིག་བརྡ་ཐབས་ཀྱི་མགུར་གླུ།།
བས་མཐའི་སྦྱིལ་བུ་རུ་ཐོས་དུས།།
བདག་སེམས་སྐྱེ་མེད་ཀྱི་བུ་ཆུང་།།
ཁྱོད་དང་ལྷན་གཅིག་ཏུ་འདྲེས་སོང་།།

ཆུ་སྐྱེས་གེ་སར་ལ་འཁྱུད་པའི།།
སྙན་ངག་རིགས་བྱེད་ཀྱི་བུང་བ།།
རྣ་བའི་གསེར་གཞོང་བ་རུ་ལྷུང་དུས།།
ཡིད་ཀྱི་བུ་ཆུང་དེ་བཟི་སོང་།།

ཆུ་འཛིན་སྤྲིན་དཀར་ཀྱི་སྟེང་གི།།
ཉི་གཞོན་ནམ་མཐའ་ནས་འཚེར་དུས།།
ཟུང་འཇུག་བདེ་སྟོང་འོ་མ།།
ཡིད་ཀྱི་རྨི་ལམ་དུ་བཞུར་བྱུང་།།

དཔེ་མང་ལྡིང་ཁང་གི་དབུས་སུ།།
ཏིང་འཛིན་སྒོ་ཆེན་དེ་རྡུང་དུས།།
ཁྱོད་ཀྱི་ཞལ་རས་ཀྱི་རྣམ་པས།།
བདག་ལ་སྐྱོར་མ་ཞིག་གནོངས་དང་།།

འཁོར་བ་མཐའ་མེད་ཀྱི་རི་ལུང་།།
མི་ལོ་ཉི་ཤུ་ལ་ཉུལ་ཏེ།།
ཡིད་སེམས་དབང་མེད་དུ་འཕྲོག་པའི།།
སྒེག་མོ་ཁྱེད་རང་ལ་འཕྲག་བཞག།

བལྟས་ན་རྒྱང་རིང་དུ་བཞུགས་ཤིང་།།
བཅར་ན་ཉེ་ས་རུ་ཞུགས་པའི།།
སྒྱུ་མ་འཇའ་གཟུགས་ཀྱི་ལྷ་མོས།།
ང་རང་ཡང་ཡང་བསླུས་བྱུང་།།

རླུང་སེམས་ཕྲ་མོ་ཡིན་བུ་གར།།
ཁྱོད་ཀྱི་ཕྱག་ལག་གིས་སྒུལ་དུས།།
སྤྲོས་པའི་མཚན་ཡི་གར་སྟབས།།
ནང་སེམས་ཡིད་ཡུལ་ནས་བོར་སོང་།།

ཚོགས་དྲུག་གླིང་བུ་ཡི་བུ་གར།།
ཁྱོད་ཐུགས་སོར་མོ་དེ་བབས་ནས།།
འཁོར་འདས་གནས་ལུགས་ཀྱི་བུ་མོ།།
ང་ལ་ཆུང་མ་རུ་གནོངས་ཤོག།

གྱང་ངོའི་དཔེ་སྒྲོམ་གྱི་ཐད་དུ།།
ཁྱོད་ཀྱི་པར་རིས་ཤིག་དཔྱང་སྟེ།།
ཡིད་ཀྱི་གླིང་བུ་དེ་འབུད་ཀྱིན།།
རྟོག་པའི་ཡུལ་ལྗོངས་སུ་ཉུལ་བཞག།

ནང་སེམས་རྣལ་འབྱོར་གྱི་མགུར་མའི།།
ཁྱུང་ཆེན་མཁའ་མཐའ་ནས་ལྡིང་དུས།།
རིག་བྱེད་གླུ་ཆུང་གི་སྐད་གདངས།།
ཇེ་དམའ་ཇེ་དམའ་རང་འདུག་གོ།

གངས་འདབས་བྲག་ཕུག་གི་ནང་གི།
སྤྲོས་མེད་རྣལ་འབྱོར་དེ་མཇལ་དུས།།
འཁོར་བ་རལ་གྲི་ཡི་ཚལ་དུ།།
གྱེས་བརྡ་སྟོམ་སྙམ་ཞིག་ཤར་བྱུང་།།

མཚུངས་མེད་དགེ་མཚན་གྱི་སྣང་བ།།
འགྲོ་བའི་སྣང་ངོ་རུ་འདྲེན་པའི།།
དཔལ་ལྡན་བླ་ཡི་ཞལ་ངོ།།
ཡིད་ཀྱི་ལྡེསས་རིས་སུ་ཕྲིས་དང་།།

ཕར་ཁའི་རི་འདབས་ཀྱི་ནགས་ཀྱི།།
རི་དྭགས་སྣ་མང་གི་དབུས་སུ།།
སྒོམ་ཐག་རྙིང་ཡི་ནང་གི།།
ཞི་བའི་རྣལ་འབྱོར་དེ་མཛེས་སོང་།།

མཐའ་མེད་བྱེ་ཐང་དང་འདྲ་བའི།།
འཁྱམ་པོའི་ནང་སེམས་ཀྱི་ལག་པས།།
ཁྱོད་ཀྱི་སོར་མོ་ལ་སྙོབ་ན།།
ཐུགས་ཀྱི་དགོངས་ཙམ་ཞིག་གནོངས་དང་།།

ཚིག་གི་འཇའ་རིས་ལ་མ་ཆགས།།
དོན་གྱི་འོ་མ་ལ་རྔམ་པའི།།
སྤྲང་བུ་དགེ་སྦྱོང་གི་གཟུགས་ཅན།།
ནམ་ཞིག་ཁྱོད་འགྲམ་ལ་སླེབ་ཡོང་།།

ནང་སེམས་ཁྲི་ཤིང་གི་སྟེང་དུ།།
བཅུ་དྲུག་མདངས་འཛིན་གྱི་བུ་མོ།།
འཁོར་འདས་རོ་མཉམ་གྱི་འོབས་སུ།།
འུ་གཉིས་འཕྲད་པ་དེ་མཛེས་སོ།།

བཅུ་བཞིའི་ཟླ་འོད་ཀྱི་འོག་ནས།།
ཁྱོད་ཞལ་ཡིད་ཡུལ་དུ་འདྲེན་བཞིན།།
ངག་ལས་རིག་བྱེག་ཅིག་ཐལ་བས།།
བསོད་ནམས་འབྲས་བུ་དེ་མང་ཤོག།

༢༠༢༢ ༡ ༡༦

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*