གྱིན་འདའ་བ། ཁྲི་འདུ།
ཐོལ་གྱིས་བབས་པའི་ཁ་བས་དུས་ལ་འགྱུར་བ་བཏོང་བས།།
ཤར་རྫོང་འདོད་རྒུ་ཐང་དུ་དགུན་ཟླ་ལྷག་མ་ཚེས་ཅིང་།།
མདུན་རྫོང་བུམ་པའི་རི་ཡང་དམྱལ་ཁམས་ལན་གཅིག་འགྲིམས་སོང་།།
སེམས་ལ་དཔྱིད་དཔལ་སླེབས་ཀྱང་རླུང་ནག་ལྡང་ཐེངས་འབེལ་བས།།
ཕ་གཞིས་འོ་ཐང་གཞུང་ལ་དམར་པོའི་རླུང་འཚུབ་རྒོད་ཅིང་།།
ལུས་སེམས་གཉིས་ཀྱི་མཁར་ལ་ཞེད་སྣང་རྡུལ་གྱིས་བསྐོང་སོང་།།
དུས་ཀྱི་འཚུབ་ཆའི་དབར་ནས་གཉི་མ་ལྷོ་རུ་བཞུད་པས།།
ནོར་གླིང་སྐྱེད་མོས་ཚལ་དུ་ཁ་བ་གཞན་ཞིག་འབབ་བྱུང་།།
ཆུ་རྫིང་ནང་གི་གསེར་ཉ་རྣམ་ཤེས་མཚལ་དུ་འཐིམས་སོང་།།
ས་ཕག་ལོ་ཟླའི་སྟོད་ནས་ཁ་བའི་རྡུལ་འཚུབ་བཙན་པས།།
རིགས་ཀྱི་གཡང་དཀར་ཁྱུ་ཚོགས་ཕྲག་དོག་ཁྱི་ཡིས་བཀུམས་བྱུང་།།
མེས་པོའི་ཕ་གཞིས་འདི་རུ་མཆད་པ་ཐེངས་གཅིག་གྱུར་སོང་།།
དབུ་རྩེ་རི་བོ་སྨྲེང་ཞིང་སྐྱིད་ཆུ་དམྱལ་ངན་ལྕི་བས།།
གནམ་སའི་འདྲིས་མཚམས་ཤིག་ནས་གཉི་ཟླའི་སེམས་གསོ་སླེབས་རུང་།།
བརྗིད་ཆགས་སྲིད་པའི་ཕོ་བྲང་ཀྲོང་ངེར་འགྱིང་དགོས་བྱུང་སོང་།།
གནམ་ས་བླ་འོག་འགྱུར་ཞིང་གངས་རི་ལན་གཅིག་བཤུམ་པས།།
ཐང་ལྷའི་སྐྱིད་ཆུ་རིང་མོས་སྐྱོ་བའི་ཤུགས་རིང་འཐེན་ཞིང་།།
ཤུལ་ལུས་རི་བོ་གྲུ་འཛིན་ཕྱིར་ཕྱག་འཚལ་བཞིན་བཀྱེད་སོང་།།
དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།