རྨི་ལམ་སེམས་ཀྱི་གཤིས་ཡིན།

རེ་སྨྱུག (དཀར་མཛེས།)

རྨི་ལམ་སྒྱུ་འཕྲུལ་གྱི་འཇིག་རྟེན།།
བདེ་སྡུག་རླབས་རིས་སུ་འཕྱོ་ཡང་།།
ཡིད་མཁའི་མེ་ལོང་གི་དབུས་ན།།
ནང་སེམས་གཉུག་མ་ལས་མི་འདུག།

གཟུགས་འཛིན་སྣང་བརྙན་གྱི་འཁོར་བ།།
ཐུན་མོང་མཐུན་སྣང་གི་གཟུགས་བརྙན།།
རྨི་ལམ་འཇའ་རིས་ཀྱི་གཤོག་པ།།
གཞི་དབྱིངས་འཁོར་འདས་ཀྱི་རྟེན་ཡིན།།

རྒྱ་ཆེན་ཕྱོགས་ལྷུང་དང་བྲལ་བའི།།
ལྷན་སྐྱེས་རིག་པ་ཡི་ནམ་མཁའ།།
འཕགས་པའི་བདེན་པ་རུ་འཁྲུངས་བ།།
རྨི་ལམ་འོད་གསལ་གྱི་གཤིས་རེད།།

སོ་སོའི་མཐོང་སྣང་གི་རྣམ་པ།།
བདེན་རྫུན་སོམ་ཉིའི་ངང་ཆས་རུང་།།
རྨི་ལམ་འོད་གསལ་གྱི་ཐིག་ལེ།།
སྟོང་པའི་མེ་ལོང་ངོར་འཁྱིལ་འདུག།

རྨི་ལམ་ཐིག་རིས་ཀྱི་རྡུལ་ཚོན།།
སེམས་ཀྱི་རང་བབ་ཏུ་སྐྱོང་ན།།
ལྷན་སྐྱེས་འོད་སྣང་གི་མཚོ་མོ།།
སྤྲོས་མེད་ཞི་བསིལ་གྱིས་སྐྱོམ་བྱུང་།།

Be the first to comment

Leave a Reply

Your email address will not be published.


*