ཐུ་བྷོད་ཁྲག་སྨྱུག 〔སི་ཁྲོན〕
༡
སྒྲོལ་མ།
ད་ལྟ་མཚན་མོ་རེད་འདུག་ལ།
མཚན་མོའི་དུས་ཚོད་བཅུ་གཅིག་དང་སྐར་མ་ཉེར་བདུན་རེད་འདུག
ངས་སྤྲིན་གྱི་ལག་འོག་ན་འཛུམ་པའི།
ཟླ་བ་གོར་གོར་དེའི་ངོ་གདོང་ལ་བལྟས་ཏེ།
ཉལ་ས་ཆུང་ཆུང་དེའི་ཁུད་དུ་འཛུལ་བའི།
ཁྱེད་རང་དྲན་གྱིན་ཡོད།
༢
སྒྲོལ་མ།
དོ་ནུབ་ངས་དོན་དག་གཞན་ཞིག་བསྒྲུབ་བཞག་ཡོད།
ཁྱེད་རང་དེར་དགའ་ན་ཐང་ལ།
ཡང་ན་ཁྲེལ་ནའང་ཁྲིག་ཁྲིག་མེད།
ངས་མགྱོགས་འཕྲིན་གྱི་དྲ་སྒང་དུ།
ངེད་གཉིས་ཀྱི་མཉམ་པར་ཞིག་དང་།
ཁྱེད་ཀྱི་འདྲ་པར་ཞིག་དང་ངའི་འདྲ་པར་ཞིག
ད་དུང་སྦྲ་ནག་གི་འདྲ་པར་བཅས་མངགས་ཡོད།
ད་སྐབས་མི་མང་པོས་སྙིང་དམར་གནོན་ཞིང་།
དཔྱད་མཆན་ཏུ་སྨོན་ཚིག་མང་ཙམ་འབྲི་འུ་འདུག
༣
སྒྲོལ་མ།
མཚན་མོ་འདིའི།
སྒོ་ཁྱིའི་ཟིག་སྐད་དང་འབྲི་མོའི་ངུར་སྒྲ།
ཅང་ཤེས་ཀྱི་འཚེར་སྐད་ལས།
ང་ལ་ཁེར་རྐྱང་གི་ཚོར་བ་ཞིག་སྦྱིན།
ཨ་ཕའི་སྔུར་བ་དེ་མར་མེའི་འོད་དང་འདྲེས་ཏེ།
ཁང་བའི་བར་སྟོང་ནི་ཨ་ཕས་སྔུར་བ་འཐེན་པའི་སྒྲ་ཡིས་གང་འདུག
ཁང་བའིཕྱི་ནང་དུ་འཛེར་སྒྲ་ཆེ་བས།
ངས་ལྷིང་འཇགས་ཟེར་བ་ཞིག་བརྗེད་འདུག་པ་འདྲ།
ཅང་མ་འགོར་བར།
རྒྱང་རིང་ཞིག་ནས་སྤྱང་དམག་གི་དགུ་ཚིགས་ཞིག
དགུན་གྱི་ལྷགས་རླུང་དང་བསྡོངས་ཏེ།
ངའི་རྣ་བའི་བུ་ག་ནས་སེམས་ཀྱི་གཏིང་དུ་ལྷུང་།
རི་སྤྱང་གི་དགུ་ཚིགས་དེ་རོལ་དབྱངས་ཤིག་ཡིན་ན།
ང་ནི་དེར་རམ་འདེགས་བྱེད་པའི།
རྒྱུད་དྲུག་པི་ཝང་གི་ཟངས་སྐུད་ཉག་གཅིག་ཡིན་ཆོག
༤
སྒྲོལ་མ།
ཁྱེད་རང་བུ་མོ་བརྩོན་འགྲུས་ཅན་ཞིག་ཡིན་པར་མ་ཟད།
མགྱོགས་འཕྲིན་དང་འདར་བརྙན།
ཁྱེའུ་འཕྲིན་དང་རྩེད་ཆས་རིགས་སུ།
མགོ་བོ་འཁོར་མཁན་ཞིག་གཏན་ནས་མིན།
ང་རང་དངོས་གནས་ཁྱེད་ཀྱི་རང་གཤིས་དེར་ཡིད་སྨོན་འཆོར།
༥
སྒྲོལ་མ།
ད་སྐབས་ང་རང་བྱ་བའི་བྲེལ་འཚུབ་དང་།
སློབ་སྦྱོང་གི་གནོན་ཤུགས་ལས།
ཁྱེད་ལ་གཅེས་སྤྲས་དང་རོགས་རམ་བྱེད་ཐུབ་ཀྱིན་མེད་ལ།
ཁྱེད་དང་འགྲོགས་པའི་ལོ་ཟླ་ཡང་ཧ་ཅང་ཉག་ཕྲ་བ་ཞིག
ཁ་ཐག་ཅི་ཙམ་རིང་ཡང་།
བར་ཐག་བཅད་པའི་རི་ཆུ་ཅི་ཙམ་མང་ཡང་།
ངེད་གཉིས་ཀྱི་འཚོ་བའི་ལོ་རྒྱུས་དག་ལོ་ཟླའི་ངོགས་སུ།
བརྩེ་དུང་གི་གཏམ་རྒྱུད་རིང་མོ་ཞིག་ཏུ་གྲུབ་ཡོད།
༦
སྒྲོལ་མ།
ཐོག་མའི་ལྷན་འཛོམས་ཀྱི་ངད་ཁ་མྱངས་ཟིན་ལ།
མཐའ་མའི་གྱེས་བྲལ་ཟེར་བ་ཞིག་མེད་པར།
གནས་གཅིག་ནས་གཞི་གཅིག་ལ་སྨོན་ལམ་མཉམ་དུ་བཏབ་ཡོད།
ངེད་གཉིས་ཀྱི་འདས་སོང་གི་གཏམ་རྒྱུད་དག
ལོ་རྒྱུས་ཀྱི་གླེགས་བམ་མཐུག་པོ་ཞིག་ཏུ་གྱུར་ཡོད།
ངས་ལོ་ཟླའི་སྲེགས་བར་ནས།
ཉི་མ་ཚེ་རིང་དང་ཟླ་བཟང་སྒྲོན་མའི་གཏམ་རྒྱུད་ཀློག་ཅིང་།
དོན་འགྲུབ་རྒྱལ་ལོ་དང་ཡེ་ཤེས་སྒྲོལ་མའི་སྡུག་གཏམ་ཉན་མྱོང་།
ད་དུང་འབྲོག་སྐྱ་བོའི་སེ་ལེན་དང་གློའུ་མོ།
དེ་མིན་འདས་པོ་ཁོ་བསྟན་ནམ་རྨ་ཁྲག་གི
བརྩེ་དུང་གི་དམྱལ་ཁམས་འགྲིམ་པ་ཞེས་པའི་།
རྨ་ཁྲག་གི་བཞུར་སྒྲ་སོགས་ཡང་ནས་བསྐྱར་དང་།
བསྐྱར་ནས་སླར་དུ་ལན་མང་བཀླགས་པ་ཡིན།
འོན་ཀྱང་།
དེ་དག་གི་གཏམ་རྒྱུད་དུ།
ཐོག་མའི་ལྷན་འཛོམས་དང་མཐའ་མའི་གྱེས་བྲལ་འདྲེས་པས།
ཡིད་སེམས་རབ་ཏུ་དཀྲུག་པའི་གཏམ་རྒྱུད་རྐྱང་རྐྱང་རེད།
དེ་ལས་ང་ལ་རེ་བ་རྡོག་གཅིག་ཡོད་པ་དེའང་།
མཐའ་མའི་གྱེས་བྲལ་ཟེར་བ་ཞིག་མེད་པ་དེ་ཡིན་པར།
ཞུ་ས་ནི་ཡར་དཀོན་མཆོག་གི་སྐུ་གསུང་ཐུགས་རྟེན་ཡིན།
༧
སྒྲོལ་མ།
དོ་དགོང་སྤྲིན་གྱི་འདབ་མས་ངའི་བར་སྣང་གཡོགས་ཏེ།
སྐར་མ་མང་པོ་ཞིག་མཐོང་རྒྱུ་མེད།
ཁྱེད་རང་གཉིད་ཡོད་དམ།
ཡང་ན་ལག་པ་སེམས་པར་གླན་ཏེ།
ང་རང་དྲན་གྱི་ཡོད།
འུ་གཉིས་ཀྱིས་ཕན་ཚུན་ལ་དགའ་ཕྱོགས་དང་ཕུགས་བསམ་གླེང་ཞིང་།
བརྩེ་དུང་དང་མི་ཚེ་གླེང་མྱོང་།
ད་རུང་བརྩེ་འཕྲིན་གང་མང་ཞིག་བསྐུར་མྱོང་བར།
ཁྱེད་ཀྱི་ཡིག་འཕྲིན་མང་པོ་ཞིག
ངས་པར་སྒམ་དུ་ཉར་ཡོད།
༨
སྒྲོལ་མ།
ངས་ཁྱེད་ལ་སྒྲོལ་མ་ཞེས་འབོད་པར།
ཁྱེད་ཀྱིས་ང་ལའང་ཧེ་ཙི་ཅེས་འབོད།
ཧེ་ཙི་ནི་རྒྱ་ཡི་སྙན་ངག་པ་ཞིག་སྟེ།
ང་རང་ཁོ་ལ་ཤིན་ཏུ་དགའ་དུངས་ཡོད་ལ།
ངས་ཁོང་གི་སྙན་ངག་མང་པོ་ཞིག་བཀླགས་ཡོད་ཅིང་།
དེ་ལས་ཁོ་ལ་སྙན་ངག་ཀྱང་མང་པོ་ཞིག་བྲིས་མྱངས་ཡོད།
དེ་དང་དེའི་རྐྱེན་གྱིས།
ཁྱེད་ཀྱིས་ང་ལ་ཧེ་ཙི་འབོད།
༩
སྒྲོལ་མ།
དོ་ཞག་གི་འཚོ་བ་བདེ་ལེགས་སམ།
ངེད་གཉིས་ཀྱི་བར་དུ་ཡ་མཚན་པའི་གཏམ་རྒྱུད་ཅིག་ཡོད་པ་དེ།
ཁྱེད་ཚང་གི་དགུན་ས་རུ།
དྲ་དང་བརྡ་འཕྲིན་ཟེར་བ་ཞིག་མེད་མོད།
རེད་དེ་ཁྱེད་ཀྱི་ཁ་པར་ལ་བརྡ་འཕྲིན་གཅིག་ཡོད་པས།
འུ་གཉིས་ཀྱིས་འབྲེལ་བ་བྱེད་ཐུབ་གི་ཡོད།
བརྡ་འཕྲིན་དེ་གནམ་རྒན་མས་གནང་བ་ཡིན་ནམ།
ཡང་ན་ལས་དབང་གི་བཀོད་སྒྲིག་རེད།
༡༠
སྒྲོལ་མ།
ས་སྲོད་ཀྱི་ཉི་ནུབ་དང་སྐྱ་རེངས་ཀྱི་ཉི་ཤར་ནི།
ཅི་འདྲའི་ཡིད་དུ་འོང་བའི་དུས་ཤིག་རེད་ལ།
ཁྱེད་རང་དྲན་སླ་བའི་དུས་ཤིག་ཀྱང་རེད།
དམ་ཚིག་གི་དབྱངས་ལ།
ཚེ་གཅིག་གི་མདུད་པ་བརྒྱབ་ཏེ།
ཚེ་རབས་ནས་ཚེ་རབས་དུ།
རྐྱེན་དང་བར་ཆད་མེད་པར་སྨོན
༢༠༢༢ལོའི་ཟླ་༡པོའི་ཚེས་༢༦ཉིན་གྱི་དགོང་མོར་བྲིས།
དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།