གླིང་ཚ།
རབ་སྙན་པི་ཝང་བསྣམས་པའི་ཡིད་བཞིན་མ།།
དངོས་དང་བརྒྱུད་ཀྱི་མཚན་མས་མ་གོས་པར།།
ངག་རྩལ་རིག་པའི་ཆར་གྱི་རྒྱུན་བཟང་པོ།།
རྒྱ་ཆེན་ཆོས་ཀྱི་དབྱིངས་ནས་བསྩལ་དུ་གསོལ།།
མ་ཕྱིས་བཞིན་གྱི་མེ་ལོང་ཟླ་ལྟར་གསལ།།
མ་བཏབ་སྐུ་ཡི་རྒྱན་ཆ་སྤྲིན་ལྟར་གཏིབས།།
མཚོ་མོ་ལས་འཁྲུངས་སྐྱེ་དགུའི་ཡིད་བཅོམ་མ།།
ཤེས་རབ་གདུང་བ་སེལ་པའི་གཉེན་དུ་ཤོག།
དབུ་ལ་མཐོ་བའི་མེ་ཏོག་ཡེ་ཤེས་དངོས།།
མགུལ་དུ་མཛེས་པའི་རིན་ཆེན་ཡེ་ཤེས་དངོས།།
མདོར་ན་ཡེ་ཤེས་ཁོ་ནས་རྟག་ཁྱབ་མ།།
རྒྱལ་ཡུམ་ཕ་རོལ་ཕྱིན་མ་ཁྱེད་མིན་སུ།།
མཁྱེན་པའི་ཡོན་ཏན་མ་ལུས་ཁྱོད་ལ་རྫོགས།།
སྐྱོབ་པའི་ནུས་མཐུ་ཐོགས་མེད་ཁྱོད་ལ་མངའ།།
ཚེ་འདིར་ཐོས་པ་ཙམ་གྱིས་གྲོལ་བ་ཡང་།།
སྐལ་ལྡན་ལས་འཕྲོ་ཅན་ལ་ལྷག་པར་བདེན།།
མ་དག་ལུས་ཅན་དྲི་མས་སྦགས་ན་ཡང་།།
ཟུང་འཇུག་སྐུ་ནི་གཏན་དུ་དག་པའི་དགེས།།
སྤང་རྟོགས་གདོད་ནས་རྫོགས་པའི་བྱང་ཆུབ་མ།།
བརྗོད་བྲལ་བརྗོད་པའི་ཡུལ་ལ་ཡང་ཡང་འཁོར།།
དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།