ཧུན • དུར་རོ།
ནམ་མཁའི་དབྱིངས་སུ་སྤྲིན་ནག་ལང་ལོང་གཡོ།།
སྤྲིན་པ་རེ་རེ་ཁྱོད་ལ་ལན་མང་འཁྱུད།།
འཁྱུད་པའི་ངལ་བ་གྲོང་ཁྱེར་དུད་ནག་འདྲ།།
ཁྱེད་ཀྱི་བཞིན་ལ་ངལ་བས་མ་འཁྱུད་ཅིག།
ལུས་ཀྱི་གྲིབ་མ་རྡོ་གཅལ་ངོས་ལ་ཟགས།།
རྡོ་གཅལ་ཉི་མའི་ཟེར་གྱིས་དྲོས་པ་ན།།
ལུས་ཡང་ངལ་དུབ་ཆེ་བའི་ཚད་དུ་སླེབས།།
འཆར་སྒོ་རང་སར་ཞོག་ལ་ངལ་ཞིག་གསོས།།
ལུས་ཀྱི་ཐོ་ཡོར་རླུང་ཁའི་དར་ལྕོག་འདྲ།།
མག་མོག་ལས་ཀྱི་ནད་ནི་ན་བུན་འདྲ།།
སྟེས་དབང་ལྟེང་ཀ་བརྡོལ་ནས་སྐྱེས་པ་ནས།།
ལས་སྐལ་གནམ་གྱི་གནང་བ་དེ་འདྲ་ལགས།།
མཐའ་མེད་གྲོང་ཁྱེར་ནང་གི་ནད་ཁང་དག།
བར་གྱི་དབྱང་རླུང་དེ་འང་ཚ་བ་འདྲ།།
མི་དག་ངོས་སུ་མུན་ནག་ཡོལ་བ་སྟུག།
སྐྱོ་བའི་རྨིག་རྗེས་འཐོར་ས་སྨན་ཁང་ཡིན།།
ནམ་ཞིག་ནད་ལས་གྲོལ་ཏེ་རྒྱང་རིང་གི།
གདོད་མའི་ཤིང་ལོ་ལྡེམ་ལྡེམ་གཡོ་བའི་ཞིང་།།
ཕ་གཞིས་དངུལ་དཀར་ལུང་པའི་དག་ཞིང་ལ།།
འཛུམ་དཀར་འདབ་བརྒྱ་གྲོལ་ནས་ཕེབས་པར་གྱིས།།
Leave a Reply