ཧུན་དུར་རོ། དཀར་མཛེས།
སྲིད་པའི་ཚ་གདུང་སེལ་བའི་ནོར་གྱི་མཆོག །
སྔ་འགྱུར་བསྟན་པའི་དེ་ཉིད་རི་བོང་འཛིན། །
མི་ཉམས་སྲིད་མཐའི་བར་དུ་གསལ་མཛད་མཁན། །
མཚུངས་མེད་བྱ་བྲལ་བླ་མ་རྒྱལ་གྱུར་ཅིག །
རྩེ་གཅིག་དྲིན་ཆེན་བླ་མའི་ཞབས་སྟེགས་སུ། །
ཚོགས་གཉིས་རྦ་རླབས་གཡོ་བའི་ཞུན་མའི་ཆབ། །
དད་གསུམ་སྙིང་གི་རྩེ་ན་རབ་འཕྱོ་བའི། །
རྣམ་བཞིའི་དངོས་གྲུབ་བྱ་བྲལ་བླ་མས་སྩོལ། །
ཡང་དག་ཚད་མ་གསུམ་གྱི་ར་བར་ནས། །
ལུང་རིགས་གད་རྒྱངས་མཐོན་པོ་སྲིད་པའི་རྩེར། །
ཡང་དང་ཡང་དུ་བསྒྲེང་བ་ལན་ཅིག་མིན། །
བྱ་བྲལ་བླ་མའི་རྣམ་དཔྱོད་འཇལ་དཔེ་བྲལ། །
སྣ་ཚོགས་རིན་ཆེན་ནོར་བུའི་བཀོད་པ་ཡི། །
གཞལ་མེད་ཁང་བཟང་ཆེན་པོ་བོར་ནས་སུ། །
སྤྱོད་ལམ་ཤོང་བའི་བསྟི་གནས་ཆུང་ཆུང་དེར། །
བྱ་བྲལ་གོ་འཕང་ཐོབ་པའི་བླ་མ་ལགས། །
ཆོས་དབྱིངས་ཀ་དག་ཆོས་ཅན་སྣང་བ་ནུབ། །
འོད་གསལ་རིག་སྟོང་གདོད་མའི་བཙན་ས་ཟིན། །
སྡེ་གསུམ་རྒྱུད་གསུམ་སྐུ་གསུམ་དཀོན་མཆོག་གསུམ། །
ཁྱབ་བརྡལ་སྣང་བ་བྱ་བྲལ་བླ་མ་དྲན། །
ཆོས་བརྒྱད་ཞེན་པའི་སྣང་བ་རི་ནས་བོར། །
བོར་བ་ཙམ་མིན་ཐུགས་ལ་མངའ་བ་མེད། །
མེད་ལྟ་མ་ཡིན་སྟོང་ཉིད་རིན་པོ་ཆེ། །
ཆེ་བ་དྲུག་ལྡན་ཚུལ་གྱིས་གནས་པ་ཉིད། །
ཉིད་ཀྱི་མཚན་འདི་ལྷ་ཡི་བྱིན་པ་ཡིན། །
ཡིན་ལུགས་ས་ལེར་མཁྱེན་པས་བྱིན་པ་གང་། །
གང་གི་མཛད་འཕྲིན་ཉི་ཟླའི་རྣ་ཆ་འདི། །
འདི་ནས་ཕྱོགས་བཅུར་རྒྱས་པས་ལོས་ཡིན་བསམ། །
བསམ་བྱ་བསམ་བྱེད་རབ་ཏུ་བོར་ནས་སུ། །
སུ་དང་གང་གི་འཛིན་པ་རྒྱ་གྲོལ་ནས། །
ནས་འབྲུ་གཅིག་ལས་མེད་ཀྱང་ཆོག་ཤེས་པ། །
པ་སངས་ལྟ་བུའི་ཐུགས་འདི་ཨེ་མ་རྨད། །
རྨད་བྱུང་ལྔ་རིག་པད་དཀར་འཛུམ་པའི་སྙིང་། །
སྙིང་གི་བུང་བའི་ཚོགས་ཀྱི་འཕུར་ལྡིང་སར། །
སར་གནས་འཕགས་མཆོག་གང་གི་ཐུགས་རྗེས་ཆར། །
ཆར་ཆར་འབབ་པའི་བྱིན་རླབས་འཛད་དུ་བྲལ། །
བྲལ་བ་བྱ་བ་བྲལ་བས་བྱ་བྲལ་འབོད། །
འབོད་འོས་མཚན་འདི་སྲིད་པའི་ཁྱོན་ན་སྙན། །
སྙན་པའི་གྲགས་དཀར་སྒྲ་བརྒྱའི་དཔལ་འཕྲོག་པ། །
དཔལ་ལྡན་བྱ་བྲལ་བླ་མས་བདག་ཡིད་སྐྱོངས། །
ཡབ་རྗེ་བྱ་བྲལ་བླ་མའི་རྗེས་དྲན་དུ ། །
དད་འདུན་སྙིང་ལ་སིམ་པའི་རྦ་རླབས་དེ། །
ཡམ་ཡོམ་གཟུགས་སུ་བྲིས་པའི་རི་མོ་འདི། །
སྐྱེ་བ་ཕྱི་མའི་ལམ་སྟོན་རྒྱུ་རུ་བསྔོ། །
ཕྱིར་དྲན་མཚོ་མོའི་རླབས་ཀྱི་ཁུགས་སོ་ན། །
གསེར་གྱི་ཉི་མ་བཞུད་པའི་གཏམ་རྒྱུད་རེ། །
སྙིང་ལ་སྦས་བའི་ན་ཟུག་ཁྲི་མ་འབུམ། །
དུས་ཀྱི་མཐའ་རུ་སླེབས་ཀྱང་བརྗེད་དུ་མེད། །
Leave a Reply