ནམ་གུང་གི་གཞས།

གྲོལ།    སྲིབ་མདའ།

ཡིད་ཀྱི་དྲན་པ་བརྩེག་པའི་དགུན་ཟླ་ནང་། །
ལོ་ཟླ་བརྒལ་བའི་ངང་དཀར་ཁུ་སིམ་གྱིས། །
ན་ཚ་མི་འགྱོད་སེམས་པའི་ཆང་ཞིག་བརྔུབ། །
གཏམ་རྒྱུད་སྣ་ཚོཊ་དགའ་སྐྱོའི་གསེབ་ཏུ་བསྙལ། །
འཛུམ་གྱི་པད་མོ་བཞད་པའི་ནགས་ཚལ་དུ། །
སྣང་བ་བན་བུན་འཁྲུལ་བཞིན་མགུར་རེ་གྱེར། །
སྐྱེ་འཆི་བཏང་སྙོམས་བསྒོམ་པའི་ངག་གི་མས། །
རྣམ་རྟོག་འདོད་པས་བསྐྲུན་པའི་མེ་ཏོག་དག །
ལན་རེ་མཆོད་པའི་ལྷ་མོའི་མདུན་དུ་བཤམས། །
བཅོས་མའི་ཚིག་གི་མེ་ཏོག་བཏབས་གྱུར་ཚེ། །
འཚོ་བ་གྲང་ལ་བརྡབས་པའི་དུས་ཚིགས་རེ། །
མཚན་མོ་ཐང་དུ་ཉུལ་བའི་ངལ་དུབ་ཀྱིས། །
ཡིད་ཀྱི་གྲང་འདར་རྒྱག་པའི་གླུ་རེ་བཏོན། །
གསང་བའི་དམ་ཚིག་སྲུང་རོགས་གཡང་གི་མ། །
ན་ཚོད་དལ་མགྱོགས་མ་ཤེས་ཡོལ་བའི་ཚེ། །
དྲན་པའི་གཏིང་དུ་བརྡར་བའི་ཚིག་གི་ཚོགས། །
ཤོག་དཀར་ཟླ་བའི་ངོགས་སུ་འཇོ་སྒེག་ལྡེམ། །
དེ་ཡིས་གར་སྟབས་བདེ་བའི་རྒྱུ་རུ་བསྔོས། །

    གངས་ཀྱི་མི་ཞིག་དྲན་པ།

འདས་པའི་ལོ་ངོ་བཅུ་ཕྲག་ཕ་རོལ་ཏུ། །
མུན་པས་བརྩིགས་པའི་རྡོ་ར་སྐྱ་བོའི་ནང་། །
ལྷིང་འཇགས་ཁེར་རྐྱང་སྲུང་བའི་རྟ་ཕོ་ཞིག །
ལོ་དགུ་ཟླ་བརྒྱད་རིང་དུ་ཇི་ལྟར་བཞུགས། །
ཚངས་མགུར་བཅད་མའི་གདངས་ལས་མ་འཕྲོས་པས། །
གདུང་སེམས་ཤུགས་ཀྱིས་མི་གྱེར་ཐབས་མ་བྱུང་། །
འཇིག་རྟེན་དག་གཙང་མཐོང་བའི་མིག་ཤེར་གྱིས། །
རྣོ་དབལ་ཤེས་རབ་སྦར་ཏེ་ཡང་སྙིང་འཚོས། །
ཡུན་ཐུང་ཚེ་སྲོག་གཅིག་གི་དབུགས་རྒྱུ་དེའི། །
འཁྱག་རེག་ལུས་པའི་སྲོག་གི་འཚོ་གཞེས་དང་། །
དབུལ་ཕོངས་ངུ་ངག་འཐེན་པའི་འབངས་མི་སྟེ། །
ཞི་བདེའི་གངས་རིས་ཁྱོན་ལ་ལས་སྐལ་སྩོལ། །
རི་དང་གཙང་པོ་བརྗིད་ཉམས་ལྡན་པ་འདི། །
ད་ལྟ་ང་ཚོར་བཞག་པའི་ལེགས་སྐྱེས་ཡིན། །
མི་རིགས་ཤིག་གི་གསེར་གྱི་རྡོ་རིང་ལགས། །
ད་ལྟ་དྲན་ན་ཅིས་ཀྱང་སྐྱོ་བ་ལགས། །

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*