སྤྲུལ་ལུང་རྟོགས་ལ་བསྟོད་པ་ཀ་ལིའི་ཕྲ་རྒྱན།

                                                                             ཤར་ཆར་ཕྲན།

ཀ༵་ལ་པིང་ཀའི་འགྲིན་གྱིས་མི་འགྲན་ཁྱེད་གསུང་བརྗོད་མེད་ཡི་གེ་ཡིན།།
ཁ་ཟས་གོས་ཀྱི་དྲོད་ལ་མི་རེ་ཁྱེད་སྐུ་ཟག་མེད་འོད་ཕུང་ཡིན།།
ག་ཆད་མཚན་མའི་རླུང་བུས་མི་སྤུར་ཁྱེད་ཐུགས་སྐྱེ་མེད་ཆོས་སྐུ་ཡིན།།
ང་ཡི་སེམས་དང་རོ་གཅིག་བཞུགས་པའི་ངེས་དོན་བླ་མ་རྒྱལ་གྱུར་ཅིག།

ཅ་དག་ཡེ་གྲོལ་ནམ་མཁའི་གཤིས་འཛིན་ཀུན་ཁྱབ་ཐིག་ལེ་ཟླུམ་པོ་རུ།།
ཆ་བཞག་མི་མངའ་བཅིངས་པ་ལས་གྲོལ་རེ་དོགས་སྤང་བླང་གདོད་ནས་དག།
ཇ་ཐུག་ཟས་སོགས་ཡུལ་ལ་སྤྱོད་ཀྱང་འདོད་ཡོན་རྒྱན་དུ་རོལ་བ་ནི།།
ཉ་གང་ཟླ་བ་མཚན་མོར་རྒྱུ་ཡང་སྨག་གིས་སྒྲིབ་པ་མེད་པའི་སྤུན།།

ཏཱ་ཐ་ག་ཏའི་གསུང་གི་རྒྱལ་མཚན་ཨ་ཏི་ཡོ་གའི་ཏོག་བུ་ཅན།།
ཐ་གྲུ་ཡོངས་ལ་རྣམ་པར་སྒྲོག་པའི་མགྲིན་བཟང་དུང་གི་འཁོར་ལོ་ནི།།
ད་དུང་སྙིགས་མའི་གླིང་འདིར་གྲགས་པས་རྫོགས་ལྡན་དུས་ཀྱང་འཕྱ་བར་བྱེད།།
ན་རའི་གཟུགས་ལ་བུདྡྷའི་ངོ་བོ་ལུས་ཅན་འདྲེན་པའི་བྱེད་ལས་ཅན།།

པ་ཊུ་དམ་པ་ཁྱེད་ཀྱི་ལྗགས་ལས་པདྨའི་གསུང་གི་སྦྲང་རྩིའི་བཅུད།།
ཕ་ཕོག་ཚུལ་གྱིས་བུ་ལ་འཇོ་བའི་དུས་མཐའི་ཀུན་ཏུ་བཟང་པོ་སྟེ།།
བ་གམ་མཐོ་བའི་རང་སྣང་སྒྱུ་འཕྲུལ་བསྐྱེད་རྫོགས་དག་པ་བདག་གིར་བཞེས།།
མ་ལུས་འདྲེན་པའི་བླ་མ་ཁྱེད་ཀྱི་དགོངས་རྒྱུད་རྟོགས་པ་བདག་ལ་སྩོལ།།

ཙ་རིའི་འདབས་སུ་རྟོགས་པའི་མལ་དུ་ཉམས་ཀྱི་རྨི་ལམ་འགྱུ་བ་དང་།།
ཚ་དྲག་འགྱུས་པའི་དྲག་རླུང་རྒོད་ཀྱང་ཏིང་འཛིན་ལྷུན་པོ་མི་བསྒུལ་བའི།།
ཛ་གྲོགས་རྣལ་འབྱོར་ཞིག་དང་ལྷུན་དུ་སེམས་ཀྱི་གསང་བ་སྔོག་ཐུབ་ན།།
ཝ་ལེར་ཡེ་གྲོལ་ཆོས་སྐུའི་ས་མཆོག་རང་གི་མལ་ནས་རྙེད་པར་སྐད།།

ཞྭ་གོས་འཚོ་ཚིས་ཙམ་གྱི་ཆེད་ལ་རྣམ་རྟོག་དགུ་འགྱུར་མི་མངའ་ཞིང་།།
ཟ་འོག་ཐོབ་དང་གོ་སའི་སླད་དུ་སྟོན་དང་བསྟན་པ་མི་དོར་བ།།
འ་ཅག་ཡུལ་གྱི་བླ་སྤྲུལ་འགའ་ལས་ཁྱད་པར་སྟོང་གིས་ཆོད་འདུག་པས།།
ཡ་མཚན་མཆོག་གི་མཛད་རྣམ་མཇལ་ཚེ་དད་པའི་བ་སྤུ་གཡོ་བར་བྱེད།།

ར་རིའི་དྲི་མའི་གོས་ཀྱིས་བཏུམས་པའི་སྐལ་དམན་སློབ་བུ་འཆལ་པོ་བདག།
ལ་ལུང་རི་ཆུ་འཕྲལ་གྱིས་བཅད་དེ་ཁྱེད་སྐུའི་གསེར་ཞལ་མཇལ་ལྷགས་ཚེ།།
ཤ་ཚའི་བུ་ཆུང་མ་ལ་འཕྲད་བཞིན་ལྷག་པའི་བརྩེ་བས་གཟིགས་པ་འདི།།
ས་མཐའི་བུ་རུལ་སྐལ་བཟང་ཁོ་བོས་བསྐལ་མང་བསགས་པའི་རྣམ་དཀར་ཡིན།།

ཧ་ཅང་ཟབ་པ་ཀུན་བཟང་དགོངས་ཀློང་སྐུ་གསུམ་རྫོགས་པའི་འོག་མིན་དུ།།
ཨ་དོན་བརྗོད་མེད་ཀློང་དུ་བཞུགས་པའི་སངས་རྒྱས་མི་ཡི་ཤ་ཚུགས་ཅན།།
གསང་བའི་ལམ་གྱིས་གསང་མཆོག་སྦྱིན་པའི་ཟླ་དང་བྲལ་བའི་ས་མཁན་དེ།།
བྱང་ཆུབ་ཐོབ་ཀྱང་རིགས་ཀྱི་བདག་པོ་ཁྱེད་ལས་ལྷག་པ་བདག་ལ་མེད།།

རིགས་བདག་མཆོད་པའི་མེ་ཏོག

རྨོག་ཐང་དཀར།

བརྒྱུད་གསུམ་ཐུགས་རྗེའི་མངའ་བདག་ཆོས་ཀྱི་རྗེ།།
མཚུངས་མེད་དྲིན་གྱི་བདག་པོ་ཡིད་བཞིན་ནོར།།
གང་གི་རྒྱལ་ཚབ་རྒྱལ་སྲས་སེམས་དཔའ་མཆོག།
ཞིང་འདིར་བལྟམས་མཛད་ཕུན་ཚོགས་དུས་འདིར་བསྔགས།།

ཆོས་རྗེ་བླ་མའི་དགོངས་པའི་གཏེར་མཛོད་ལས།།
ཉམས་རྟོགས་ཀློང་བརྡོལ་བྱང་ཆུབ་སེམས་དཔའི་ཚུལ།།
རིག་འཛིན་རྣམ་བཞིའི་བགྲོད་པ་མྱུར་ལམ་ལས།།
གསང་བ་སྔགས་ཀྱི་བསྟན་པ་ཡོངས་སུ་བཟུང་།།

སྒྲུབ་རྒྱུད་སྡེ་ཟུང་ལྷན་ཅིག་བསྣོལ་བའི་ཉམས།།
ཐབས་གྲོལ་བདེ་ཆེན་ཡེ་ཤེས་རྫོགས་པའི་རྟོགས།།
ཀུན་ཀྱང་ཉམས་སུ་བསྟར་བའི་སློབ་དཔོན་གྱིས།།
རབ་འབྱམས་རྡོ་རྗེ་རྒྱལ་པོའི་མཆོག་དབང་བསྐུར།།

ཟབ་ཆོས་སྙིང་གི་ཐིག་ལེ་བདེ་དྲོད་ཅན།།
བླ་མའི་ཞབས་སེན་སྤྱི་བོར་བླངས་པ་ལས།།
བུམ་པ་གང་བྱོའི་ཚུལ་དུ་འཕོས་པ་ཡི།།
མན་ངག་དྲོད་དང་ལྡན་པའི་མངའ་བདག་མཁྱེན།།

མདོ་སྔགས་ཆོས་ཚུལ་ཚང་ལ་མ་ནོར་བའི།།
ལུང༵་རིགས་རྡོ་རྗེའི་གར་སྟབས་སྔོན་དུ་བཏང་།།
རྟོག༵ས་པའི་དབང་ཕྱུག་རིག་འཛིན་འདུས་པའི་མགོན།།
བསྟན༵་པ་ཀུན་འཛི༵ན་བཤེས་གཉེན་བཟ༵ང་པོ༵ར་འདུད།

ངེས་དོན་མཁྱེན་རབ་གཅིག་བསྡུས་ཆོས་ཀྱི་སྐུ།།
དག་པའི་གཟུགས་ངོར་ལོངས་སྤྱོད་རྫོགས་པའི་སྐུ།།
གཞན་སྣང་སྣ་ཚོགས་སྤྲུལ་བའི་སྐུར་གསལ་བའི།།
འཕྲིན་ལས་ཀུན་ཁྱབ་བླ་མའི་ཞབས་པད་བརྟན།།

Be the first to comment

Leave a Reply

Your email address will not be published.


*