ཐུབ་བསྟོད་རིག་པ་གསལ་བའི་འོད་སྣང་།

                                                  སྒོ་སྤྲེལ་ངེས་དོན། ༼དཀར་མཛེས།༽

ཆོས་ཀྱི་སྐུ་ལས་མ་གཡོས་སྤྲུལ་བའི་སྐུ།།
སྒྲིབ་གཉིས་དང་བྲལ་ཡེ་ཤེས་མཁྱེན་པའི་གཏེར།།
སྟོབས་བཅུ་མངའ་བ་བསྟན་པའི་བདག་པོ་ཡི།།
མཛད་པའི་ཚུལ་ལ་བསྟོད་པའི་མཆོད་སྤྲིན་འབུལ།།

སྔོན་ཚེ་རྣམ་འདྲེན་གསུམ་པའི་དྲུང་ནས་ནི།།
བྲམ་ཟེ་ཁྱེའུ་བླ་མའི་རྣམ་སྤྲུལ་བཞེས།།
ལྷོ་གླིང་ཚེ་ལོ་བརྒྱ་ཡི་དུས་སྐབས་སུ།།
དགའ་ལྡན་ནས་འཕོས་མཛད་ལ་ཕྱག་འཚལ་ལོ།།

ལྷ་རྣམས་འདུལ་མཛད་གཟིགས་པ་རྣམ་ལྔ་ཡིས།།
གླང་ཆེན་ཐལ་དཀར་མཆེ་བ་དྲུག་ལྡན་ཚུལ།།
ཆུ་སྟོད་ཟླ་བའི་ཚེས་པ་བཅོ་ལྔ་ལ།།
ལྷུམས་སུ་ཞུགས་པར་མཛད་ལ་ཕྱག་འཚལ་ལོ།།

ཟླ་བཅུ་རྫོགས་ནས་བཀྲ་ཤིས་ལུམ་བིའི་ཚལ།།
ཡུམ་གྱི་དཀུ་གཡས་བརྟོལ་ནས་འོད་སྟོང་གིས།།
སྐྱེ་དགུའི་མགོན་དུ་སྐུ་བལྟམས་མཚན་མཆོག་པ།།
བྱང་ཆུབ་རིགས་སུ་ངེས་ལ་ཕྱག་འཚལ་ལོ།།

སྡེ་བཞིའི་དཔལ་ལྡན་མངོན་མཐོ་ཤཱཀྱའི་ཡུལ།།
དགུང་གྲངས་བཅུ་གཉིས་བཞེས་པའི་གཞོན་ནུ་དེས།།
སྒྱུ་རྩལ་སྟོབས་འགྲན་དྲེགས་ལྡན་ཚར་བཅད་པའི།།
འགྲན་ཟླ་མེད་པར་མཛད་ལ་ཕྱག་འཚལ་ལོ།།

བཅུ་དྲུག་ལང་ཚོའི་མེ་ཏོག་ལྷུག་པོར་བཞད།།
ཐབས་ཤེས་ཉི་ཟླའི་མདངས་ཀྱིས་སྲིད་འབྱོར་གསལ།།
བཙུན་མོ་འཁོར་དགྱེས་རོལ་བའི་ཡོ་ལངས་ཀྱིས།།
རྒྱལ་སྲིད་སྐྱོང་བར་མཛད་ལ་ཕྱག་འཚལ་ལོ།།

ཟིང་ཟིང་འཁོར་བའི་སྙིང་བོ་མེད་གཟིགས་ནས།།
རྒྱལ་སྲིད་ཡོངས་སུ་སྤངས་ནས་ངེས་པར་བྱུང་།།
མཆོད་རྟེན་རྣམ་དག་དྲུང་དུ་དབུ་སྐྲ་བསིལ།།
རབ་ཏུ་བྱུང་བར་མཛད་ལ་ཕྱག་འཚལ་ལོ།།

ཆུ་ཀླུང་ནཻ་རཉྫ་ནའི་ཉེ་འགྲམ་དུ།།
བརྩོན་པ་ལས་ཀྱིས་རྣམ་གྲོལ་འཐོབ་བོ་ཞེས།།
ལོ་དྲུག་དཀའ་སྤྱད་བརྩོན་འགྲུས་མཐར་ཕྱིན་ནས།།
བསམ་གཏན་མཆོག་བརྙེས་མཛད་ལ་ཕྱག་འཚལ་ལོ།།

དབུས་འགྱུར་འཆང་གི་བྱང་ཆུབ་ཤིང་དྲུང་དུ།།
ཇི་སྲིད་བྱང་ཆུབ་མ་ཐོབ་བར་གྱི་མཐར།།
སྐུ་དྲང་དྲན་མངོན་སྐྱིལ་ཀྲུང་མི་གཡོའི་ངང་།།
བྱང་ཆུབ་རྫོགས་པར་མཛད་ལ་ཕྱག་འཚལ་ལོ།།

འཁོར་མོ་འཇིག་གི་ཡུལ་ཏུ་ཆོ་འཕྲུལ་གྱིས།།
མུ་སྟེགས་བདུད་བཞི་སོགས་ཀྱི་རྒོལ་བ་ཀུན།།
རྣམ་པར་ཚར་བཅད་ཞི་བའི་ལམ་མཆོག་བསྟན།།
ཐུབ་པ་གཡུལ་ལས་རྒྱལ་ལ་ཕྱག་འཚལ་ལོ།།

སྲོད་ལ་བདུད་བཏུལ་ནམ་ཕྱེད་ཀྱི་ཡུན་དུ།།
བདེན་བཞི་རྟེན་འབྲེལ་བཅུ་གཉིས་ལེགས་གཟིགས་ནས།།
ནམ་སྨད་ཏིང་འཛིན་ཆོས་དབྱིངས་ལ་བཞུགས་ཏེ།།
སྐྱ་རེངས་མངོན་སངས་རྒྱས་ལ་ཕྱག་འཚལ་ལོ།།

ཚངས་པ་བརྒྱ་བྱིན་གྱིས་གསོལ་བསྐུལ་བ་ཡིས།།
ཝ་ར་ན་སི་མ་ག་དྷར་བྱོན་ནས།།
འགྲོ་རྣམས་འཁོར་བས་གྲོལ་ཕྱིར་འཆེལ་བའི་རྟེན།།
བདེན་བཞིའི་ཆོས་འཁོར་བསྐོར་ལ་ཕྱག་འཚལ་ལོ།།

སྐུ་ཚེ་བགྲང་བྱ་གྱ་གཅིག་འཚོ་གཞེས་ཤིང་།།
ས་ཟླའི་ཡར་ཚེས་བཅོ་ལྔ་ཡི་དུས་བཟང་ལ།།
རྩྭ་མཆོག་གྲོང་དུ་སེང་གེའི་ཉལ་སྟབས་ཀྱིས།།
མྱ་ངན་འདའ་བར་མཛད་ལ་ཕྱག་འཚལ་ལོ།།

བདེ་གཤེགས་ཉིད་ཀྱི་མཛད་རྣམ་རགས་བསྡུས་འདིས།།
ས་གསུམ་སྐྱེ་དགུའི་རྨོངས་དང་སྡུག་བསྔལ་ཀུན།།
མ་ལུས་སེལ་ནས་བསྟན་པའི་འོད་ཟེར་གྱིས།།
མཁའ་དང་མཉམ་པའི་སེམས་ཅན་དྲོ་བར་ཤོག།

ས་ག་ཟླ་བའི་ཚེས་པ་བཅོ་ལྔ་རུ་མཉམ་མེད་ཐུབ་པའི་དབང་བོའི་རྗེས་དྲན་གདུང་འབོད་དུ་བྲིས།

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*