མེ་ལོང་ཆག་རོ།

གླིང་ཚ། དཀར་མཛེས།

གསལ་ཡང་གསལ་ལ་མོག་ཀྱང་མོག་པ།།
གྲྭ་རྐྱང་བལྟ་བའི་མེ་ལོང་ཆག་རོ།།
ཅི་ཡང་འཆར་བའི་ཆ་ཤས་ཤིག་ལ།།
དཔོག་པར་དཀའ་བའི་མི་ཞིག་དོད་ཡོད།།

གཙང་འགྲམ་དེ་ཡི་མེ་ཏོག་རྙིད་ཚུལ།།
ཕྱེ་མ་ཁྱུ་གཅིག་གཤོག་སྒྲོ་འཐོར་དོན།།
ཐ་སྙད་གཟུགས་ཀྱི་ཚོན་ཁ་ཞན་ཡང་།།
མྱོང་བའི་རོ་ལ་ཚ་ཆང་འདྲེས་པ།།

སྐྱ་མོ་ལམ་གྱི་རྡུལ་ལ་འདྲེས་པའི།།
རྟ་ཕོ་ཞིག་གི་ཞེ་འདང་འཇོག་ས།།
སྲོད་ཁའི་གྲིབ་སོ་ཆུ་ལ་ལྷུང་དུས།།
སྣང་ཚུལ་ཞིག་གིས་ར་རོར་གྱུར་སོང་།།

རི་དེར་ཟུག་པའི་ཆར་ཤུལ་འཇའ་རིས།།
ཟིན་དང་མི་ཟིན་དོགས་ཤིག་སྐྱེས་ཏེ།།
སྤྲིན་པ་བདའ་བའི་རླུང་པོ་དག་ལ།།
ཉེ་རྒྱང་མཚམས་ནས་གྲོས་སུ་འདེབས་པ།།

ཕྱིར་མིག་ཡུལ་ལ་ལྷུང་གིན་ལྷུང་གིན།།
སྤྲིན་ལམ་སྟུག་པོ་རྩལ་གྱིས་བརྒལ་སོང་།།
ཉི་ཟླ་བོར་བའི་ས་ཕྱོགས་དེ་ལ།།
འོད་ཀྱི་སྣང་བ་ད་དུང་འགགས་ཡོད།།

༢༠༢༢ ༣ ༣༠ ལྷག་དཀར་བསྟུན་ཏེ་བྲིས།

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*