རྩྭ་ཉག་མ་གཅིག་གི་སྟེར་བའི་ཚོར་སྣང་།

ཆོས་ཉིད་དབང་མོ།

ནམ་རྒྱུན། དུས་ཚོད་ནི་སྐད་ཅིག་གི་ཆུ་ཐིགས་ནང་བཞིན་མར་ཟགས་པ་ལས། སླར་ཡང་མགོ་བརྩམས་པའི་དུས་སྐབས་ནི་ནམ་ཡང་མ་མཆིས། ང་ཚོ་ཡང་ཉིན་རེ་ལས་འཆི་བའི་ཁ་ཕྱོགས་སུ་འགྲོ་བ་མ་གཏོགས་ནམ་ཡང་ལོ་ན་ཕྲ་བ་ཞེས་པའི་དུས་སྐབས་དེ་སླེབས་མི་སྲིད། དེས་ན་ང་ཚོས་དུས་ཚོད་སྐར་མ་གཅིག་ཀྱང་ཆུད་ཟོས་གཏོང་ག་ལ་རུང་།

དེ་རིང་ཡང་། ང་རང་ལོ་འདབ་རྒྱས་པའི་སྡོང་རྒན་དེའི་བསིལ་གྲིབ་འོག་ནས་རིམ་བཞིན་ཚེ་སྲོག་གི་སྙིང་སྟོབས་དེ་འཚོལ་དུས། སྡོང་རྒན་གྱིས་ཡར་ལོག་ན་གྱང་ཞིག་ཡོད་ལ། དེ་ནི་ས་ཡིས་གྲུབ་པ་ཞིག་མ་ཡིན་ཞིང་། རྡོ་དང་ཨར་འདམ་ཁོ་ནའི་གྲུབ་པས་ཧ་ཅང་སྲ་བརྟན་རང་བཞིན་ལྡན་པ་ཞིག་ཡིན། འོན་ཀྱང་། དེའི་བར་ཟུར་འགའ་ལས་རྩྭ་ལྡུམ་ཆུང་ཆུང་འགའ་འབུད་བཞིན་ཡོད། ངའི་སེམས་སུ་མཚར་སྣང་དང་བཅས་པའི་མིག་མདུན་གྱི་དོན་དངོས་ལ་རེ་ཞིག་ཧད་ནས་བསྡད། སྐབས་དེར། རྩྭ་ལྡུམ་དག་རླུང་གིས་ཕར་གཡུག་ཚུར་གཡུག་འགའ་བྱས་དུས། ང་ལ་འབད་བརྩོན་བྱོས་དང་ནམ་ཞིག་གི་ཚེ་ན། ཁྱོད་ཀྱི་རིན་ཐང་མངོན་ཐུབ་ཞེས་བཤད་པ་དང་ཀུན་ནས་མཚུངས། ཚེ་སྲོག་ལ་ཆེ་ཆུང་སོགས་ཅི་ཡང་མེད་ལ། རང་གི་འཇོན་ནུས་ནི་ཚེ་སྲོག་གི་ཆེ་ཆུང་ལ་རགས་ལས་མེད་པའི་སྣང་ཚུལ་ཞིག་བྱུང་།

སྐབས་དེར། ངའི་གྱང་ཟུར་གྱི་རྩྭ་ལྡུམ་དག་ལ་བལྟས་ནས། སེམས་སུ་འདི་འདྲའི་རྩྭ་ལྡུམ་ཉག་ཕྲ་བ་ཞིག་ཁོར་ཡུག་འདི་འདྲའི་གུ་དོག་པོ་ཞིག་གི་ནང་དུ་ཅི་འདྲའི་སྐྱེས་སམ་ཞེས་ཐེ་ཚོམ་ཟོས། ང་ཚོ་ཚང་མའི་ཤེས་གསལ་ལྟར། མཛེས་སྡུག་ལྡན་པའི་མེ་ཏོག་ཞིག་སྐྱེས་དགོས་ན་ངེས་པར་དུ་ཁོར་ཡུག་གི་ཆ་རྐྱེན་དག་འཛོམས་པོ་དགོས་ལ། དེ་བཞིན་རྩྭ་ལྡུམ་ཞིག་སྐྱེས་པའང་ལས་སླ་མོ་ཞིག་ག་ལ་ཡིན། དེ་ལ་རྐྱེན་ཆུ་ལུད་དང་། ས་གཤིས་བཟང་པོ། ཉི་འོད་ཀྱི་དྲོད་གྲང་མཉམ་པ། ཆར་ཆུ་སོགས་ཕྱོགས་གང་མང་ཡོད་དགོས། ད་དུང་། གྱང་ཟུར་གྱི་རྩྭ་ལྡུམ་དེ་དག་ནི་ཁ་བ་བུ་ཡུག་དང་ཆར་རླུང་མང་པོ་གདོང་ངོས་སུ་བསུས་ནས་དེ་རིང་གི་སྐྱེས་སྟོབས་འདིར་ཐོན་པ་ཡིན། རྩྭ་ཕྲན་འདི་དག་ལ་གཞན་ལས་ལྷག་པའི་སྙིང་སྟོབས་དང་སྤོབས་པ་སོགས་ནི་ཉག་ཕྲ་བའི་ཚེ་སྲོག་ཆུང་ཆུང་དེའི་གཟི་བརྗིད་ཡིན་པ་སྨྲོས་ཅི་དགོས། ངའི་ཡང་རང་གི་འདས་སོང་གི་ལོ་ཟླ་ལ་ཕྱི་དྲན་ཙམ་བྱས། མ་གཞི་ང་ཡང་ཨ་མའི་མངལ་ནས་སྐྱེས་མ་ཐག་འདི་འདྲ་ཞིག་མིན་ལ། ང་ཡང་ཉིན་དང་ཞག ལོ་དང་ཟླ་བ། དུས་ཚོད་སོགས་ཀྱི་འགྲོས་འོག་ནས་རིམ་བཞིན་ནར་སོན་ལ། ཁ་ཆར་དང་བུ་ཡུག ལྷགས་རླུང་དང་ཉི་འོད། དགའ་སྐྱོ་ཆགས་སྡང་རླུང་ལ་བསྐུར་ནས་སང་ཉིན་དང་སང་ཉིན་ཞེས་འབད་འབུངས་བྱེད་བཞིན། ངའི་མི་ཚེ་ཡང་གྱང་ངོས་ཀྱི་རྩྭ་ལྡུམ་ཆུང་ཆུང་འདི་དག་དང་འདྲ་བར་ཀྱག་ཀྱོག་གི་འཚོ་བའི་འགྲོས་འོག་རིམ་བཞིན་བརྒྱུད་མྱོང་ལ། དཀའ་སྡུག་དུ་མ་རང་གི་གདོང་ངོས་སུ་བསུས་ནས་འཚར་ལོངས་བྱུང་།

ཡང་སེམས་ཀྱི་འཆར་སྣང་ཞིག་ལ། སྟོབས་ལྡན་གྱི་རྩྭ་ལྡུམ་ཆུང་ཆུང་འདི་དག་ཀྱང་ཉིན་ཞིག་ལ་སད་ཀྱིས་བཅོམ་པའམ། རླུང་གིས་ཁྱེར་བ། ནོར་གནག་གི་ཁམ་གང་སོགས་རྐྱེན་གང་ཞིག་དང་ཕྲད་པའི་ཚེ། སྐྱེས་སྟོབས་དཔའ་འབར་བའི་ཚེ་སྲོག་ཆུང་ཆུང་འདི་མཐར་འཇིག་རྟེན་ནས་ཁ་གྱེས་ངེས། སྐྱེ་བའི་མཐར་མ་འཆི་བ་ཞེས་པའི་དཔེ་ལྟར། ངའི་ཚེ་སྲོག་འདི་ཡང་ནམ་ཞིག་གི་ཚེ་ན། ས་སྒང་འདི་དང་ཁ་བྲལ་དགོས་པ་ནི་འཇིག་རྟེན་གྱི་ཆོས་ཉིད་གཅིག་པ་རེད། དེ་བཞིན་རྩྭ་ལྡུམ་ཆུང་ཆུང་འདིས། ས་སྒང་ལ་བཞག་ཡོད་པ་ནི་ཉམས་མེད་ཀྱི་སྟོབས་ཤུགས་ཞིག་དང་། ཚེ་སྲོག་གི་གཟི་འོད། ཞུམ་མེད་ཀྱི་སྤོབས་པ་ཡིན་ལ། ང་རང་གིས་ཀྱང་ས་སྒང་འདི་ལ་རང་ཉིད་འགྲོ་ཤུལ་གྱི་རྐང་རྗེས་ཤིག་བཞག་འདོད་པ་དེ་ཡིན།

ཅི་འདྲའི་རྩྭ་ཉག་མ་འདི་དང་ངེད་གཉིས་འདྲ་བ་ལ་ཨང་།

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*