ཀྲིའི་རྡོ་རིང་ངམ་ཞོལ་རྡོ་རིང་ཕྱི་མ།

                                           གྱིན་འདའ་བ། ཁྲི་འདུ།

བགྲང་བྱ་ཆིག་སྟོང་ལྷག་གི་གོང་རོལ་ཏེ།།
ཡར་གླིང་ཁྱོན་ལ་སྟོབས་ཀྱིས་དབང་བསྒྱུར་བའི།།
འཛམ་གླིང་བདག་པོ་ཁྲི་སྲོང་ལྡེ་བཙན་སྐབས།།
དུས་རབས་བརྒྱད་པའི་དཀྱིལ་གྱི་ཆུ་ཡོས་ལོར།།
ཞང་བློན་ཆེན་པོ་སྟག་སྒྲ་ཀླུ་གོང་གིས།།
སྟོབས་འབྱོར་ཀླུ་དང་མཉམ་པའི་ཐང་རྒྱལ་ལ།།
བྷོད་དམག་འབུམ་ཕྲག་ལྷག་གི་དཔུང་དྲངས་ནས།།
ཐང་རྒྱལ་བཅུ་བ་ཏེའི་ཙུང་ལིས་ཡོས་ཀྱང་།།
མི་འཇིགས་སེང་གེའི་ཁྲི་ལས་བཙན་ཕབ་སྟེ།།
རྒྱལ་ས་ཁྲང་ཨན་དབང་དུ་བསྡུད་པའི་སྐབས།།
བཙན་པོ་དགྱེས་ནས་བློན་ཆེན་གཟེངས་བསྟོད་དེ།།
དེ་ཡི་རྟིང་ལོ་ཤིང་འབྲུག་ཡས་མས་སུ།།
ལྷ་སའི་ཤར་ཕྱོགས་ཚལ་པ་(སྲི་)ཀྲིའི་ལུང་དུ།།
བློན་ཆེན་ཁོང་གི་བང་སོའི་མདུན་རྒྱབ་ཏུ།།
བཀའ་གཙིགས་རྡོ་རིང་ཕྱི་ནང་དབར་གསུམ་བསླངས།།
གསར་དུ་རྙེད་པའི་རྡོ་རིང་གཤོག་པ་ཅན།།
དེ་ཡི་གྲས་ཀྱི་ཡ་གྱལ་ཡིན་པར་གྲགས།།

ལོ་ཟླའི་བོག་རེ་དུ་མར་བརྩེགས་པའི་མཐར།།
དུས་ཀྱི་འཕེལ་འགྲིབ་མོད་པོ་སོང་བའི་རྗེས།།
རབ་བྱུང་བཅུ་བའི་ལྕགས་མོ་བྱའི་ལོ་ལ།།
ཕོ་བྲང་དམར་པོ་འགྲུབ་པའི་དྲན་གསོ་རུ།།
ལྔ་བ་ཆེན་པོའི་ཐུགས་ཀྱི་དགོངས་བཞེད་ལྟར།།
བང་སོའི་འཁྲིས་ཀྱི་རྡོ་རིང་བལ་ནས་ནི།།
སྲིད་ཞི་ཕོ་བྲང་མདུན་དུ་བསླངས་བར་ཏེ།།
དེའི་མིང་ཞོལ་གྱི་རྡོ་རིངས་ནང་མར་གྲགས།།
དེ་རྗེས་རབ་བྱུང་བཅུ་གཉིས་ཆུ་བྱའི་ལོར།།
སྡེ་སྲིད་ཆེན་པོ་སངས་རྒྱས་རྒྱ་མཚོའི་བཀས།།
ཀྲི་ཡི་རྡོ་རིང་ཆེ་བ་བསླར་བལ་ནས།།
(བལ་བའི་ཤུལ་ཡང་དེང་དུས་གསལ་བོར་ཡོད།།)
སྐྱིད་ཆུ་ཤན་གཉིས་སྦྲེལ་དང་འཁོར་ལོ་བཅས།།
མིས་འདྲུད་གྲུར་འཇུག་ལ་སོགས་ཐབས་བརྟེན་ནས།།
གྲུ་འཛིན་གཞུང་གི་འོ་ཐང་གཤོངས་དཀྱིལ་དུ།།
ཕོ་བྲང་མཛེས་པའི་རྒྱན་དུ་བཞེངས་བར་འདིར།།
རྩེ་ཞོལ་རྡོ་རིང་ཕྱི་མར་ཞེས་སུ་གྲགས།།

Be the first to comment

Leave a Reply

Your email address will not be published.


*