ཁྱོད།

   ཁངས་མ། ཡུལ་ཤུལ།

ཀྱེ་ཀྱེ་སེམས་ཀྱི་སྦྲང་ཆུང་ཉིད། །
པད་མའི་ཚལ་དང་བྲལ་བ་ན། །
གསོན་པ་ལ་ནི་དོན་མེད་པར། །
ཚོར་བ་ཞེ་རུ་ལྡངས་ཡོད་སྲིད། །

ཞེ་གཙང་པདྨའི་སྐྱེད་ཚལ་དུ། །
ཉེ་བར་འཁོར་བའི་གང་དེ་ནི། །
འཇོན་མེད་མི་ཡི་མཐའ་མ་དེ། །
སྐྱོར་བའི་ནུས་པ་དེ་ཡོད་མིན །

གཟུགས་མེད་ཞེ་ཡི་མེ་ལོང་དུ། །
འཆར་བ་འདང་གི་ཀ་ཆེན་མ། །
ལང་ཚོ་གསེར་གྱི་ག་པུར་ལ། །
ན་བའི་གཡའ་བག་མེད་དེ་སྤྲོ། །

རྒྱང་བཞུད་ཟླ་བ་ཁེར་འགྲོ་མ། །
ཞེན་པའི་མིག་ཀོང་སུ་ལ་ཕྱོཊ། །
སྐྱོ་བའི་མཚོ་མོ་ཟབ་པའི་སྟེང་། །
ལྟུང་བའི་ལོ་ཟླ་ཇི་ལྟར་སོང་། །

ཀྱེ་མ་འཁོར་བའི་བྱེ་ཐང་ནས། །
ང་དང་ཁྱོད་ནི་གཤོག་མེད་ཀྱི། །
བྱེ་འུ་ཆུང་བཞིན་ཡུན་རིང་དུ། །
སྲིད་པ་འདི་རུ་འཕྱན་པ་ངལ། །

ཞེ་ལ་བརྐོས་པའི་རྡོ་རིང་ཁྱོད། །
རྒྱང་དུ་གནས་ཀྱང་ཞེ་འདི་རུ། །
རབ་ཏུ་ཉེ་བའི་ཚུལ་བྱས་ནས། །
རྨི་ལམ་འདི་ཀོ་ཁྱོད་ཀྱིས་ཁྱེར། །

འདང་གིས་བཏབ་པའི་རི་མོ་དེ། །
ཆུ་རིས་གཞུང་ལ་མ་འདྲེས་པར། །
གསོན་པའི་མི་ཡི་དྲན་ངོགས་སུ། །
ད་དུང་བར་མེད་མཆེད་འདི་ལ། །

ཡིད་ཀྱི་ཐིག་ལེ་མཛེས་ལྡན་ཁྱོད། །
རི་སུལ་འཛིན་མའི་སྤང་འདི་རུ། །
འཛོམ་པའི་རེ་དཀར་མཐོ་བ་ན། །
ཆོག་པའི་གཡེར་ཁ་ཁྲོལ་དང་ཀྱེ། །

དེ་ན་དགའ་བའི་ཚལ་དག་ཏུ། །
རྒྱུ་བའི་དྲི་བཞོན་ང་ཡང་བྱེད། །
དུང་བའི་མགུར་མ་དེ་ཡང་འཐེན། །
འདང་དཀར་བྱེ་བའི་རྗེས་ཀྱང་སྤར། །

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*