༧སྐྱབས་མགོན་ས་སྐྱ་༧གོང་མ་ཛྙན་བཛྲ་རིན་པོ་ཆེའི་རྣམ་ཐར་མདོར་བསྡུས་བཞུགས་སོ།། 

  ༧སྐྱབས་མགོན་འཁོན་གདུང་ཛྙན་བཛྲ་རིན་པོ་ཆེ་མཆོག་ནི། ཡབ་༧སྐྱབས་མགོན་ས་སྐྱ་༧གོང་མ་ཁྲི་ཆེན་ཞེ་གཅིག་པ་ཆེན་པོ་མཆོག་དང་། རྒྱལ་ཡུམ་བཀྲ་ཤིས་ལྷ་སྐྱིད་གཉིས་ཀྱི་སྲས་སུ་ཕྱི་ལོ་ ༡༩༧༩ ལོར་དཱེརཱདཱུན་སྒྲོལ་མ་ཕོ་བྲང་དུ་སྐུ་འཁྲུངས། དེ་མ་ཐག་ཡབ་རྗེ་མཆོག་གིས་གོང་མའི་ཕྱག་སྲོལ་ལྟར་ལྗགས་ལ་དྷཱི་ཡིག་འབྲི་བ་དང་ལེགས་སྦྱར་སྐད་དུ་ཛྙན་བཛྲ་སྟེ། ཡེ་ཤེས་རྡོ་རྗེ་ཞེས་པའི་མཚན་གསོལ། སྐུ་ན་ཆུང་ངུ་ནས་ཡབ་རྗེ་གོང་མ་ཁྲི་ཆེན་རྡོ་རྗེ་འཆང་གི་མདུན་ནས་ཟབ་ཆོས་མང་དུ་ནོད། དགུང་ལོ་བཞིར་སོན་པ་ན་ཡོངས་འཛིན་དགེ་སློང་རིན་ཆེན་བཟང་པོའི་དྲུང་ནས་ཀློག་སློབ་པ་དང་། བརྡ་སྤྲོད། ཆོས་སྤྱོད་ཐུགས་ལ་འཛིན་པ་སོགས་སྔོན་འགྲོའི་གསན་སྦྱོང་རིམ་པར་མཛད། ཕྱི་ལོ་ ༡༩༩༢ ས་སྐྱའི་གདན་ས་ཆོས་སྒར་དུ་བཞུགས་ཏེ་རྒན་ངག་དབང་རྒྱ་མཚོའི་མདུན་ནས་རྡོ་རྗེ་ཕུར་པ་གཙོ་བོར་གྱུར་པའི་ཆོ་ག་ཆོས་སྤྱོད་ཀྱི་རིམ་པ་དང་། གར་ཐིག་དབྱངས་གསུམ་མཐའ་དག་ལ་སློབ་གཉེར་མཛད་པས། ཕྱི་ལོ་ ༡༩༩༢ ལོར་དཔལ་ས་སྐྱའི་གདན་ས་ཆེན་མོ་ས་སྐྱ་ཆོས་སྒར་གྱི་འདུས་ཚོགས་སུ་རྡོ་རྗེ་ཕུར་པའི་སྒྲུབ་མཆོད་ཆེན་མོའི་ཆོ་ག་ཡོངས་བློ་ཐོགས་ནས་དབུལ་བསྐུལ་མཛད། 

དེ་རྗེས་ས་སྐྱ་མཐོ་སློབ་ཏུ་སློབ་ཞུགས་ཀྱིས་མཁས་པའི་དབང་པོ་མཁཎ་ཆེན་མིག་དམར་ཚེ་རིང་གི་མདུན་ནས་ལོ་མང་རིང་དབུ་ཚད་ཕར་ཕྱིན་སོགས་མདོ་སྐོར་ལ་གསན་བསམ་གནང་། སྔ་ཕྱིར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་དང་། ཡབ་རྗེ་༧གོང་མ་ཁྲི་ཆེན་རིན་པོ་ཆེ་དང་། སྐྱབས་མཆོག་བཅོ་བརྒྱད་ཁྲི་ཆེན་རིན་པོ་ཆེ། སྐྱབས་མཆོག་ངོར་ཀླུ་ལྡིང་མཁན་ཆེན་རིན་པོ་ཆེ། སྐྱབས་རྗེ་འཁྲུལ་ཞིག་རིན་པོ་ཆེ། མཁན་ཆེན་ཨ་པད་རིན་པོ་ཆེ། མཁན་ཆེན་ཀུན་དགའ་དབང་ཕྱུག སྐུའི་གཅེན་པོ་༧སྐྱབས་མགོན་རཏྣ་བཛྲ་རིན་པོ་ཆེ། ངོར་ཀླུ་ལྡིང་མཁན་པོ་སྐུ་གཞོན། རྗེ་བཙུན་འཆི་མེད། རྫོང་སར་མཁྱེན་བརྩེ་རིན་པོ་ཆེ་སོགས་ཀྱི་མདུན་ནས་ལམ་འབྲས་ཞལ་ངོ་ནང་བརྒྱུད་དང་། ཐུན་མོང་བ་ཚོགས་བཤད། ཐུན་མོང་མིན་པ་སློབ་བཤད། རྒྱུད་སྡེ་ཀུན་བཏུས། སྒྲུབ་ཐབས་ཀུན་བཏུས། མགོན་པོའི་ཆོས་སྐོར། མཁའ་སྤྱོད་མའི་ཆོས་སྐོར། ས་སྐྱ་བཀའ་འབུམ་དང་། གོ་རམས་པའི་བཀའ་འབུམ་སོགས་ཀྱི་ལུང་། གཞན་ཡང་རིས་མེད་ཀྱི་ཟབ་ཆོས་མང་པོ་བུམ་པ་གང་བྱོའི་ཚུལ་དུ་གསན་ཏེ་ལུང་དང་མན་ངག་གི་མཛོད་དུ་གྱུར།
༧སྐྱབས་རྗེ་བཅོ་བརྒྱད་ཁྲི་ཆེན་རིན་པོ་ཆེའི་མདུན་ནས་དགེ་ཚུལ་སློང་གི་བསླབ་པ་རིམ་པར་བཞེས་མོད། ཕྱིས་དགག་དགོས་ཁྱད་པར་ཅན་ལ་དགོངས་ནས་བསླབ་པ་ཕུལ་ཏེ། ཕྱི་ལོ་ ༢༠༠༨ ལོར་བདག་མོ་བསོད་ནམས་དཔལ་སྐྱིད་ཁབ་ཏུ་བཞེས་པས་སྲས་སིདྡྷརྠ་བཛྲ་དང་སིདྡྷཱནྟ་བཛྲ། སྲས་མོ་རྗེ་བཙུན་མ་ངག་དབང་ཚེ་སྦྱིན་བཅས་འཁྲུངས།
རིགས་ཐམས་ཅད་ཀྱི་བདག་པོ་ཡབ་རྗེ་༧སྐྱབས་མགོན་༧གོང་མ་ཁྲི་ཆེན་རིན་པོ་ཆེའི་བཀའ་སློབ་ལམ་སྟོན་གནང་བ་བཞིན་སངས་རྒྱས་ཀྱི་བསྟན་པ་དང་། བོད་ཀྱི་རིག་གཞུང་ཡུན་རིང་དུ་གནས་པའི་མཛད་པ་སྐྱོང་བར་བཞེད་དེ། ཕྱི་ལོ་ ༢༠༡༦ ལོར་དེརདཱུན་གྱི་པུར་ཀུལ་ཞེས་པའི་ས་གནས་སུ་རྒྱ་གར་དབུས་གཞུང་གི་གཞི་རིམ་ཤེས་ཡོན་སྲིད་བྱུས་རྩ་འཛིན་འོག་སློབ་ཚན་དང་། དགོས་ངེས་མཐུན་རྐྱེན་ཕུན་སུམ་ཚོགས་པའི་ (Sakya Academy) ས་སྐྱ་སློབ་གཉེར་ཁང་གསར་འཛུགས་མཛད། ད་ལྟའི་ཆར་སློབ་གཉེར་ཁང་དེར་སློབ་ཕྲུག་ཉིས་བརྒྱ་བརྒལ་བ་ཡོད་ཅིང་། གདུང་སྲས་ཆེ་བ་དང་རྗེ་བཙུན་མ་གཉིས་ཀྱང་སློབ་གྲྭ་དེ་གར་སློབ་གཉེར་གནང་མུས་ཡིན། རིན་པོ་ཆེ་མཆོག་གིས་དུས་ཡུན་ཕལ་ཆེ་བ་ཆོས་ཕྱོགས་ཀྱི་མཛད་རིམ་བཞིན་གཏོང་དགོས་པས་སློབ་གྲྭའི་ཕྱི་ནང་གི་འཛིན་སྐྱོང་གཙོ་བོ་བདག་ཡུམ་མཆོག་གིས་གནང་གི་ཡོད། སྔར་ཆོས་རྗེ་ས་པཎ་དང་འགྲོ་མགོན་འཕགས་པས་སོག་ཡུལ་དུ་ཆོས་སྤེལ་བར་མཛད་པ་དེའི་རྒྱུན་སླར་གསོ་མཛད་པའི་ཕྱིར་འཕགས་པ་ཐེབས་རྩ་ཁང་གསར་འཛུགས་ཀྱིས་སོག་ཡུལ་དུ་ས་སྐྱའི་དགོན་སྡེ་ཁག་ཉམས་གསོ་དང་། གསར་འཛུགས་ཀྱི་མཛད་པ་སྐྱོང་བཞིན་པ་དང་། སྔ་ཕྱིར་ཨ་རི་དང་། ཡུ་རོབ་སོགས་དང་། ལོ་རེ་བཞིན་སོག་ཡུལ་དང་། ཐེ་ཝན། ཧོང་ཀོང་། མ་ལི་ཤ་ཡ། སིངྒ་པུར་སོགས་ཨེ་ཤ་ཡའི་རྒྱལ་ཁབ་ལ་བྱོན་ནས་རྡོ་རྗེ་གཞོན་ཕུར་པའི་སྒྲུབ་མཆོད་ཚུགས་པ་དང་། ཆོས་འཁོར་བསྐོར་ཏེ་བསྟན་འགྲོར་སྨན་པའི་བགྱི་བ་མང་པོ་ཐུགས་བསྐྱེད་ཆེན་པོས་ཕྱག་བསྟར་མཛད།
རྗེ་འདི་ཉིད་སྐུ་ན་ཆུང་དུས་ནས་འབྱུང་འདུལ་སོགས་ལྷག་པའི་ལྷ་མང་པོའི་བསྙེན་མཚམས་ལ་བཞུགས་ཤིང་། ཕྱི་ལོ་ ༢༠༡༨ ལོར་འཁོན་རིགས་གོང་མའི་ཕྱག་སྲོལ་ལྟར་དཔལ་ཀྱཻ་རྡོ་རྗེའི་བཞི་བསྙེན་ཁ་སྐོང་སྦྱིན་སྲེག་བཅས་གྲུབ་པར་མཛད། གསུང་ངག་རིན་པོ་ཆེ་ལམ་འབྲས་གཙོས་པའི་གསང་ཆེན་རྒྱུད་སྡེ་རྒྱ་མཚོའི་དབང་ལུང་མན་ངག་དང་བཅས་པའི་ཟབ་ཆོས་འཆད་སྤེལ་ལ་དབང་བ་སོགས་མཐོང་བ་བརྒྱུད་པའི་ཕྱག་བཞེས་བཞིན་ཐོས་བསམ་སྒོམ་གསུམ་གྱི་རིམ་པ་མཐའ་དག་ཀྱང་ཆད་ལྷག་མེད་པ་གནང་། བྱུང་རབས་ཀྱི་ངོས་ནས་དཔལ་ས་སྐྱ་པའི་ཁྲི་འཛིན་དང་པོ་འཁོན་དཀོན་མཆོག་རྒྱལ་པོ་ནས་བཟུང་ད་ལྟའི་བར་ཁྲི་རབས་ཞེ་གཉིས་བྱོན་ཟིན་ཅིང་། ༧སྐྱབས་མགོན་༧གོང་མ་ཁྲི་ཆེན་རྡོ་རྗེ་འཆང་ཆེན་པོའི་བཀའ་དགོངས་ལྟར། འདི་ཟླའི་ཡར་ངོའི་ཚེས་༡༣ འགྲུབ་སྦྱོར་དགེ་བའི་ཉིན། འཁོན་གདུང་ཛྙན་བཛྲ་རིན་པོ་ཆེ་མཆོག་དཔལ་ས་སྐྱའི་ཁྲི་འཛིན་ཞེ་གསུམ་པའི་ཁྲིར་ཕེབས་གཏན་འཁེལ་བར་མ་ཟད། འགྲོ་བ་མཐའ་དག་ཁམས་གསུམ་འཁོར་བའི་སྡུག་བསྔལ་ལས་བསྒྲལ་ཏེ། ཐར་པ་དང་ཐམས་ཅད་མཁྱེན་པའི་ས་ལ་འགོད་པར་མཛད་པོ་མཚན་མཆོག་གསུམ་ལྡན་དཔལ་ས་སྐྱའི་གདུང་བརྒྱུད་རིན་པོ་ཆེ་འདི་ཉིད་བརྒྱུད་འཛིན་གནང་སླད་སྐུ་འཁྲུངས་པ་ཞིག་ཀྱང་ཡིན། རྗེ་འདི་ཐུགས་གཤིས་འཇམ་ཞིང་། འགྲོགས་འདྲིས་སྟབས་བདེ་ཞིང་མཐོ་དམན་སུ་དང་མཇལ་ཡང་གྲོགས་པོའི་འདུ་ཤེས་ཀྱིས་མཛའ་བརྩེའི་ཐུགས་ཁུར་ཟབ་པས་ཡིད་སེམས་ངང་གིས་མགུ་གནང་ཐུབ་པ་སོགས་དམ་པའི་གཤིས་ཀ་མངའ་ཞིང་། དབུས་སྐྱ་སྨོན་ལམ་ཚོགས་པའི་ཚོགས་གཙོ་ལོ་གསུམ་ལ་མཛད་པ་དང་། ད་ལྟ་སོག་ཡུལ་གྱི་ཆོས་རྒྱལ་འཕགས་པ་ཐེབས་རྩ་ཁང་གི་་མཛད་འགན་འཛིན་གནང་བཞིན་པ་ཡིན།
མདོར་ན། མཚན་མཆོག་གསུམ་ལྡན་གྱི་གདུང་བརྒྱུད་རིན་པོ་ཆེ་འདི་ཉིད་ནི་ཐོག་མར་འོད་གསལ་ལྷ་ལས་བྱུང་ཞིང་། གཟུགས་ཁམས་ལྷ་གནས་ཀྱི་སྤུན་བདུན་ཡོད་པའི་ནང་ནས་བྱུང་བ་ཞིག་ཡིན་ཞིང་། གདུང་བརྒྱུད་འདིར་དུས་རབས་བརྒྱད་པའི་ནང་ཨོ་རྒྱན་གུ་རུ་རིན་པོ་ཆེ་ཞལ་བཞུགས་སྐབས་ནས་འཁོན་ཀླུ་དབང་སྲུང་བ་སོགས་མཁས་གྲུབ་མང་པོ་བྱོན་ཏེ་བོད་ཀྱི་ཤེས་རིག་སྤྱི་དང་ལྷག་པར་ནང་བསྟན་ལ་མཛད་རྗེས་བླ་ན་མེད་པ་འཇོག་མུས་ཀྱིས་ཧི་མ་ལ་ཡའི་མི་རིགས་ཡོངས་ལ་བཀའ་དྲིན་གཞལ་མཐའ་བྲལ་བའི་གདུང་བརྒྱུད་གོང་ན་མེད་པ་ཞིག་ཡིན་ནོ།།
ཅེས་པ་འདི་ནི་དཔལ་ས་སྐྱའི་རྒྱལ་ཡོངས་བརྩེ་ཆེན་ཚོགས་པའི་རྒྱུན་ལས་ནས། ༧སྐྱབས་མགོན་ས་སྐྱ་༧གོང་མ་ཛྙན་བཛྲ་རིན་པོ་ཆེ་མཆོག་དཔལ་ལྡན་ས་སྐྱ་པའི་ལུགས་གཉིས་ཀྱི་མི་འཇིགས་སེང་གེའི་ཁྲི་ལ་ཕེབས་པར་དགའ་གུས་ཆེན་པོས་མགོན་པོ་གང་ཉིད་ཀྱི་རྣམ་ཐར་ཉུང་ངུ་འདི་བཞིན་ས་སྐྱ་མཐོ་སློབ་ཀྱི་ལོ་རྒྱུས་ལས་བཏུས་པ་དགེའོ། །དགེ་འོ།། སརྦ་མངྒལཾ།། ༢༠༢༢། ༣། ༡༡ ལ།

About གདོང་མཁན། 1038 Articles
སྤྱི་ཁྱབ་རྩོམ་སྒྲིག་པའི་ཟུར་མཆན། >> རྩོམ་སྒྲིག་པ་གདོང་མཁན་ལགས་ནི་གདོང་ཐོག་དགོན་གྱི་ལྟ་གྲུབ་སློབ་དཔོན་མཁན་པོ་ཀཿབྲག་དངོས་གྲུབ་བསོད་ནམས་ཡིན།

Be the first to comment

Leave a Reply

Your email address will not be published.


*