༧ སྐྱབས་མགོན་༧ གོང་མ་ཁྲི་ཆེན་རྡོ་རྗེ་འཆང་མཆོག་གི་བཀའ་སློབ།

༧སྐྱབས་མགོན་གོང་མ་ཁྲི་ཆེན་རྡོ་རྗེ་འཆང་གིས་གསང་ཆེན་རྒྱུད་གྲྭ་མཁན་སློབ་ཡོངས་ལ་བསྩལ་བའི་བཀའ་སློབ།
ཡིག་འགོད་མཁན། འདན་མའི་ལྷ་མདའ།
ང་ཚོ་ཐག་ཉེ་པོ་ཡོད་རེད་དེ།ཕར་ཚུར་མཇལ་རྒྱུ་མེད་པ་ཡུན་རིང་ཆགས་སོང།དེ་རིང་ཁྱེད་རྣམ་པ་ཐམས་ཅད་ཕེབས་ཐུབ་པ་ཤིན་ཏུ་དགའ་བོ་བྱུང་།
ཐམས་ཅད་ལ་འཚམས་འདྲི་བཀྲ་ཤིས་བདེ་ལེགས་ཞུ་བཞིན་ཡོད།སྤྱིར་བཏང་ང་ཚོ་སྡོད་ས་འཛམ་བུ་གླིང་འདི་ལ་ལུང་པ་འདྲ་མི་འདྲ་བ་མང་པོ།མི་རིགས་འདྲ་མི་འདྲ་བ་མང་པོ།གནས་ཚུལ་འདྲ་མི་འདྲ་བ་མང་པོ་ཡོད་རེད། ཡིན་ན་ཡང་སྐོར་ར་ལྟ་བུ་ཞིག་བརྒྱབས་ནས་ཐམས་ཅད་ལ་ཉམས་ཞིབ་ཅིག་བྱས་པ་ཡིན་ན། དོན་དམ་གལ་ཆེ་ཤོས་དེ་མི་ཚེའི་ནང་དུ་ཆོས་བསྒྲུབ་རྒྱུ་དེ་གལ་ཆེ་ཤོས་རེད་འདུག་མ་གཏོགས་དེ་རིང་ཁ་སང་མི་མང་པོ་ཨ་མི་རི་ཀ་ལ་སོང་ན་ཨ་རི་ལ་དཔེ་ཡོད་རེད་ཟེར་གྱི་རེད་མོད།
དངོས་གནས་བྱས་ན་སྙིང་པོ་གང་ཡང་ཡོད་མ་རེད།ང་ཡི་ངོ་ཤེས་པ་ཕྱི་རྒྱལ་བ་ཞིག་ཡོད།དེས་ཟེར་ན་ཨ་མི་རི་ཀ་ནེའུ་ཡོག་གྲོང་ཁྱེར་དེ་ཁམས་གསུམ་འཁོར་བའི་རྒྱལ་ས་ཞིག་རེད་ཟེར་གྱི་འདུག། ཁམས་གསུམ་འཁོར་བ་རྒྱ་མཚོ་དེ་ཡག་པོ་ཡོད་མ་རེད། འཁོར་བ་ཁབ་ཀྱི་རྩེ་མོ་ལ།།བདེ་བ་ནམ་ཡང་ཡོད་མ་ཡིན།། ཞེས་གསུངས་པ་རེད།སྐྱིད་པོ་གང་ཡང་ཡོད་མ་རེད།དེ་ལས་མི་ཚེ་འདི་ལ་ལྟོས་པ་ཡིན་ན་འདྲ་སྐྱེ་བ་ཕྱི་མ་ཕན་ཆད་ལ་ཨ་རྐྱང་རྐྱང་རེད། གལ་ཆེ་ཤོས་དེ་གཏན་གྱི་བདེ་བ་ཐོབ་རྒྱུ་དེ་ཆོས་བསྒྲུབ་ན་མ་གཏོགས་ཐབས་གཞན་གྱིས་ཡོང་ཐུབ་པ་ཡོད་མ་རེད། ཆོས་བསྒྲུབ་པ་ལ་སྤྱིར་བཏང་འཛམ་གླིང་ལ་ཆོས་ལུགས་འདྲ་མི་འདྲ་བ་མང་པོ་ཡོད་རེད་དེ་ང་ཚོ་ནང་པ་སངས་རྒྱས་པའི་ཆོས་དེ་དད་པ་ཙམ་མ་ཡིན་པ། རིགས་པའི་ལམ་ནས་བསྲེགས་བཅད་བརྡར་གསུམ་བྱས་ནས་ཡར་འགྲོ་རྒྱུ་ཡོད་པ་ཞིག། དེས་ན་དེང་སང་ཚན་རིག་གི་འགྲོ་སྟངས་དང་མཐུན་པོ་ཞིག་ཆགས་ཀྱི་ཡོད་ས་རེད།
སྤྱིར་བཏང་ཚན་རིག་དང་ནང་ཆོས་གཉིས་ཁ་ཁ་རེད།ཚན་རིག་པས་ཚེ་ཕྱི་མ་དང་ཐར་པ་དང་ཐམས་ཅད་མཁྱེན་པ་ལྟ་བུ་གང་ཡང་ངོས་ལེན་བྱེད་ཀྱི་མ་རེད།
ཡིན་ན་ཡང་བརྟག་དཔྱད་བྱས་པའི་ཆ་ནས་བཤད་ན་ཚན་རིག་དང་མཐུན་པོ་ཆགས་ཀྱི་ཡོད་ས་རེད།
འཛམ་བུ་གླིང་འདིར་དེང་སང་སྤྱིར་ཆོས་ལ་དད་པ་བྱེད་མཁན་དང་དེའི་ནང་ནས་ནང་པའི་ཆོོས་ལ་དད་པ་བྱེད་མཁན་མང་དུ་མང་དུ་འགྲོ་བཞིན་ཡོད་རེད།
ནང་པའི་ཆོས་ལ་ཡང་ཐེག་ཆེན་དང་ཐེག་དམན་མང་པོ་ཡོད་རེད་དེ།ང་ཚོའི་བོད་བརྒྱུད་ནང་བསྟན་འདི་ཆ་ཚང་ལ་སྤུས་དག་པ་གཞན་དང་མ་འདྲ་ཞིག་ཡོད་པ་ཏན་ཏན་རེད་འདུག།
དེའི་ནང་ནས་གསང་སྔགས་ཀྱི་ཉམས་ལེན་དེ་ཚེ་གཅིག་ལུས་གཅིག་ལ་སངས་རྒྱས་པའི་གདམས་ངག་དེ་གསང་སྔགས་ལ་མ་གཏོགས་ཡོད་མ་རེད།
དེས་ན་གསང་ཆེན་རྒྱུད་གྲྭ་དེ་དངོས་གནས་གལ་ཆེན་པོ་རེད།ངོར་ཆེན་རྡོ་རྗེ་འཆང་གི་དགོངས་པའི་ལྷག་མ་ཞིག་ནི།ས་སྐྱ་ལ་རྒྱུད་གྲྭ་ཞིག་བཙུགས་ཐུབ་ན་བསམ་ཞེས་དེ་བྱུང་མ་སོང་ཞེས་དགོངས་པའི་ལྷག་མ་དེ་ལྟར་ཞིག་ལྷག་ཡོད་ས་རེད།
དེའི་རྗེས་སུ་སྔགས་འཆང་ཆེན་པོས་གསང་སྔགས་བདེ་ཆེན་གླིང་གི་ཆོས་གྲྭ་བཏབ་ནས་ངོར་ཆེན་རྡོ་རྗེ་འཆང་གི་དགོངས་པའི་ལྷག་མ་མ་ལུས་པ་ཡོངས་སུ་རྫོགས་པ་ཡིན་ཞེས་རྣམ་ཐར་ནང་དུ་གསལ་གྱི་རེད།
དེས་ན་རྒྱུད་གྲྭ་དེ་དཔེ་གལ་ཆེན་པོ་རེད་འདུག།
སྤྱིར་བཏང་དགོན་པ་མང་པོ་ཡོད་རེད་མོད།དགོན་པོ་དེ་དག་གིས་གཞུང་ཆེན་པོ་བལྟ་རྒྱུ་གལ་ཆེན་པོ་རེད།དེའི་ནང་ནས་རྒྱུད་གྲྭ་དེ་རྗེ་བཙུན་གོང་མ་རྣམ་ལྔ་དང་གངས་ཅན་མཛེས་པར་བྱེད་པའི་རྒྱན་དྲུག་སོགས་ཀྱི་དེ་རྣམས་གསུང་གི་སྙིང་པོ་ལྟ་བུ་དེ་གསང་སྔགས་ཀྱི་ཐོག་ལ་ཡོད་རེད།
ཐུན་མོང་མ་ཡིན་པའི་ལྟ་གྲུབ་ཀྱི་ཉམས་ལེན་བྱ་རྒྱུ་དེ་གསང་སྔགས་ཀྱི་ནང་ལ་ཡོད་རེད།
དེས་ན་རྒྱུད་གྲྭ་དེ་དཔེ་གལ་ཆེན་པོ་རེད་འདུག།
དེས་ན་ཁྱེད་རྣམས་ཐམས་ཅད་དེ་ལྟར་གནང་ནས་བཞུགས་པ་དེ་དཔེ་ཡག་པོ་བྱུང་འདུག།
ད་དུང་ཡིན་ན་ཡང་གལ་ཆེ་ཤོས་དེ་སློབ་སྦྱོང་བྱ་རྒྱུ་དེ་རེད།
སྤྱིར་བཏང་ཆོ་ག་ཕྱག་ལེན་གལ་ཆེན་པོ་རེད་མོད།གལ་ཆེ་ཤོས་དེ་རྒྱུད་ཀྱི་དགོངས་པ་གང་འདྲ་ཡོད་མེད།ལྷག་པར་དུ་བླ་མ་གོང་མ་རྣམས་ཀྱིས་བཞེད་སྲོལ་དང་བཞེད་རྒྱུན་གང་འདྲ་ཡོད་མེད།དེ་ཇི་ལྟ་བ་བཞིན་རྟོགས་རྒྱུ་དང།ང་ཚོ་ཆོ་ག་ཕྱག་ལེན་ནི་ལོ་གཅིག་གཉིས་ཀྱི་ནང་ལ་གང་འཚམས་ཐོན་ཐུབ་པ་ཡོང་གི་རེད་མོད།གཞུང་ལུགས་ཁག་ནི་ཟླ་བ་གཅིག་གཉིས་དང་ལོ་གཅིག་གཉིས་ནས་ཐོན་ཐུབ་རྒྱུ་ཡོད་མ་རེད།ལོ་ནས་ལོར་སྦྲེལ་ནས་དཔེ་ཆ་བལྟས།དཔེ་ཆ་བལྟས་རྗེས་ཐོས་དོན་རྒྱུད་ལ་སྦྱར་ནས་བསྒྲུབ་ལ་གཞོལ་ནས་ཉམས་ལེན་བྱ་ཐུབ་པ་ཡིན་ན་ང་ཚོ་མི་ལུས་ཐོབ་པ་དེ་དོན་དང་ལྡན་པ་ཞིག་ཆགས་པ་རེད།
རང་གཞན་ཐམས་ཅད་ཀྱི་དོན་དག་བསྒྲུབ་ཐུབ་པ་ཡོང་གི་རེད།
དེས་ན་ཁྱེད་རྣམས་པ་ཕྱག་དཔེ་གཟིགས་ནས་དེ་ལྟར་བཞུགས་གནང་བ་དེ་དཔེ་དགའ་བོ་བྱུང།
སྤྱིར་བཏང་ཡིན་ན་ཡང་དཀའ་ལས་ཡོད་རེད།མཁས་པ་སློབ་པའི་དུས་ན་སྡུག ཅེས་གསུངས་རེད།བདེ་བར་འདོད་ལ་མཁས་མི་སྲིད།།ཅེས་སྐྱིད་པོ་བྱས་ནས་བསྡད་ནས་མཁས་པ་ཆགས་རྒྱུ་ཡོད་མ་རེད།
དཀའ་ལས་བརྒྱབ་ནས་མཁས་པ་ཆགས་དགོས་རེད།དཀའ་ངལ་ཡོད་མོད་སྤྱིར་བཏང་མི་ཞིག་གི་དཀའ་ངལ་དང་འདྲ་ཡི་ཡོད་མ་རེད།སྤྱིར་བཏང་འཇིག་རྟེན་པ་ཞིག་གིས་དཀའ་ལས་རྒྱག་གི་ཡོད་རེད་དེ།ཚེ་འདིའི་ལྟོ་གོས་ཙམ་མ་གཏོགས་དེའི་ཡན་ཆད་ལ་བསྒྲུབ་ཐུབ་པ་ཡོང་གི་ཡོད་མ་རེད།
ང་ཚོས་དཔེ་ཆ་བལྟས་ཉམས་ལེན་བྱས་ནས་དཀའ་ལས་བརྒྱབ་པ་དེས་ཚེ་འདི་ཙམ་མ་ཟད་སྐྱེས་བ་དང་སྐྱེས་བའི་བར་དུ་བདེ་སྐྱིད་ཐོབ་པ་ཡོང་གི་ཡོད་པས།
སློབ་སྦྱོང་བྱ་རྒྱུ་དེ་དཔེ་གལ་ཆེན་པོ་རེད་འདུག
སློབ་སྦྱོང་བྱས་ཚར་རྗེས།དེའི་རྗེས་ཉམས་ལེན་བྱས་དེ་ལྟར་ཞིག་བྱུང་ན་བོད་གངས་ཅན་ལྗོངས་ལ་ཕྱིའི་དངོས་པོ་ཡར་རྒྱས་གང་ཡང་ཡོད་མ་རེད་མོད།
ནང་གིས་ཆོས་ཉམས་ལེན་བྱེད་སྟངས་དེ་ནི་ང་ཚོ་ལ་ལུང་པ་འདྲ་མི་འདྲ་མང་པོའི་མི་ཐུག་གི་ཡོད་རེད།
ལུང་པ་འདྲ་མི་འདྲ་མང་པོ་ལའང་སོང་ཡོད་རེད།ད་ལྟ་བསམ་བློ་གཏོང་དུས་དངོས་གནས་བོད་དེ་དཔེ་གལ་ཆེན་པོ་རེད།
བོད་ཀྱི་སྔོན་མའི་མི་ཚེ་སྐྱེལ་སྟངས་རེད།དེ་བཞིན་ཆོས་ཉམས་ལེན་བྱེད་སྟངས་སོགས་དེ་དག་དངོས་གནས་ཧ་ལས་པ་རེད་འདུག།འཛམ་བུ་གླིང་གཞན་གང་ལ་ཡང་མེད་པ་དངོས་གནས་ཧ་ལས་པ་རེད་འདུག།
དེས་ན་དེང་སང་ང་ཚོ་མི་རབས་གསར་པ་དང་དངོས་སྟངས་གསར་པ་ཞིག་ལ་གནས་ཡོད་པས།
སྔོན་དང་མི་འདྲ་བ་རྣམ་གཡེང་བྱ་རྒྱུ་མང་པོ།ཕྱིའི་གནས་ཚུལ་མང་པོ།
ཕྱིའི་ཤུགས་རྐྱེན་ཆེན་པོ་སོགས་འགལ་རྐྱེེན་མང་པོ་ཡོད་རེད།
འགལ་རྐྱེན་དེ་དག་མཐུན་རྐྱེན་ལ་བསྒྱུར་ཐུབ་པ་ཞིིག་བྱུང་ན་ཡག་པོ་ཡོང་གི་རེད་བསམ་གྱི་འདུག།
དེས་ན་རྣམ་གཡེང་གི་དབང་དུ་མ་སོང་བ་དངོས་གནས་དཔེ་ཆ་བལྟས་ནས་གོ་ཆོད་པ་ཞིག་དང་ཐོས་དོན་བསྒྲུབ་ལ་གཞོལ་ནས་ཉམས་ལེན་ཐོག་ལ་བཀལ་ཐུབ་པ་ཞིག་བྱུང་ན།
དེ་ནས་རང་གཞན་ཐམས་ཅད་དོན་དག་བསྒྲུབ་པ་ཡོང་གི་རེད།
ཚེ་འདི་དང་ཕྱི་མ་གང་ལ་བསམ་ན་སྐྱེ་བ་གཏན་དུ་བདེ་བར་བསྒྲུབ་པ་ཡོང་གི་རེད།
དེས་ན་ཁྱེད་རྣམ་པ་ཐམས་ཅད་ཀྱིས་དེའི་དོན་ཆ་ཤས་ཅི་ནས་ཀྱང་བསྟར་ཐུབ་པ་གནང་རོགས་ཞུ་རྒྱུ་ཡིན།དེ་ནས་ངས་ཕུར་པའི་བཀའ་བསྒོ་ཞིག་བྱ་རྒྱུ་ཡིན་ཁྱེད་རྣམས་ལ་འགལ་རྐྱེེན་བར་ཆད་ཡོད་ན་དེ་དག་སེལ་བ་དང་།མཐུན་རྐྱེན་ལེགས་ཚོགས་གོང་འཕེལ་དང་།ཐུགས་ཀྱི་བཞེད་དོན་མཐའ་དག་ལྷུན་གྱིས་གྲུབ་པ་འདོན་པ་བཏོན་གྱི་ཡོད།
ཅེས་བཀའ་བསྩལ་སོང།།
གསང་ཆེན་རྒྱུད་གྲྭ་ནས་ཡིག་འགོད་བྱས་སོ།།
2022.04.12

About གདོང་མཁན། 1038 Articles
སྤྱི་ཁྱབ་རྩོམ་སྒྲིག་པའི་ཟུར་མཆན། >> རྩོམ་སྒྲིག་པ་གདོང་མཁན་ལགས་ནི་གདོང་ཐོག་དགོན་གྱི་ལྟ་གྲུབ་སློབ་དཔོན་མཁན་པོ་ཀཿབྲག་དངོས་གྲུབ་བསོད་ནམས་ཡིན།

Be the first to comment

Leave a Reply

Your email address will not be published.


*