ཧ་ཅང་བག་ཕེབས་པའི་སྐུ་པར་དེ་མཇལ་རྗེས།
རྩོམ་པ་པོ། སྐལ་བཟང་རྒྱལ་མཚན།
ཁ་སང་ཞོགས་པ་དྲ་ལམ་ནས་༧སྐྱབས་མགོན་༧གོང་མ་རིན་པོ་ཆེ་མཆོག་དང་། རྒྱལ་ཡུམ་སྐུ་ཞབས་རྣམ་གཉིས་ཨ་རིའི་བཞུགས་གནས་ཕོ་བྲང་གི་གཡས་གཡོན་དུ་བག་ཕེབས་ངང་ཞབས་ཐང་དུ་ཕེབས་བཞིན་པའི་བརྙན་པར་དང་། དགོན་པའི་རྩྭ་རྭའི་ནང་གི་རི་དྭགས་ཚོར་གཟིགས་བཞིན་བཞུགས་པའི་བརྙན་ཐུང་དེ་མཇལ་མ་ཐག གློ་བུར་དུ་སེམས་ལ་དད་གུས་དང་དགའ་སྤྲོའི་ཚོར་བ་བརྗོད་མི་ཤེས་པ་དང་ལྷན་དུ། ད་ནི་འགྲིག་ཤག་བསམ་པའི་ཚོར་བ་ཞིག་བྱུང་།
དེའི་རྒྱུ་མཚན་ཡང་། རང་རེ་བོད་ནི་ནམ་ཞར་ཞར་ལ་མོ་རྒྱག་རྩིས་བྱེད་ལ་དགའ་ཞིང་། ཚེ་འདི་ཕྱིའི་ལས་དོན་མཐའ་དག་བླ་མའི་ལམ་སྟོན་ཉག་གཅིག་ལ་རེ་བར་གོམས་པའི་མི་རིགས་ཁྱད་མཚར་ཞིག་ཡིན་པར་སོང་། བོད་ཀྱི་བླ་ཆེན་ཚོར་བོད་ཀྱི་དད་ལྡན་མང་ཚོགས་ཀྱིས་གཏད་པའི་དོན་མེད་ཀྱི་སྐུ་ཚེགས་དང་། འོ་བརྒྱལ་ཁག་ནི་ང་ཚོ་མི་དཀྱུས་མའི་བསམ་ཤེས་མི་ཐུབ་ཅིང་ཚོད་བགམ་གྱི་ཡུལ་ལས་འདས་པ་ཞིག་རེད།
དཔེར་ན། རང་གི་རྒན་ཁོག་གཉིད་མི་ཁུག་པ་དང་། ཟས་མི་ཟ་བ། ཕྲུ་གུའི་ལོ་འཁོར་རྒྱུགས་སྤྲོད་བྱེད་པ། ཚ་བས་མགོ་བོ་ན་བ་སོགས། ཞིབ་འདང་བྱས་ན། རང་ངོས་ནས་དཔྱད་ཐུབ་པའི་གནས་ཚུལ་དཀྱུས་མ་དག་ཀྱང་བླ་མའི་བཀའ་ལན་ཁོ་ན་སྒུག་ནས་སྡོད་པའི་གཤིས་ཀ་ངན་པ་ཞིག་གྲུབ་ཡོད།
དེ་སྔོན་ལན་གཅིག་མི་ཞིག་༧གོང་མ་རིན་པོ་ཆེའི་མདུན་སར་བཅར་ཏེ་ངའི་ཕྲུ་གུ་ཁོང་ཁྲོ་ཆེན་པོ་བྱེད་ཀྱི་འདུག དེ་ལ་ཞབས་རིམ་ཅི་ཡོད། ཕྱག་མོ་ཞིག་གཟིགས་རོགས་ཞུས་པ་རེད། དྲི་བ་དེ་གསན་མ་ཐག ༧གོང་མ་རིན་ཆེའི་ང་ཅང་ལྷོད་ཤ་ཆགས་པའི་ཞལ་རས་འཛུམ་མདངས་དང་བཅས། ‘’ དེ་ལ་མོ་རྒྱག་དགོས་མ་རེད། སྤྱོད་འཇུག་གི་ནང་དུ་ཡོད་པའི་བཟོད་པ་ལེའུ་དེར་སློབ་སྦྱོང་གནང་ན་དེས་ཕན་གི་རེད། ,, གསུངས་འདུག
ཡང་མཇལ་ཁ་ཞུ་མཁན་ཧ་ཅང་འཚང་ཁ་ཆེ་བའི་ཉིན་ཞིག བོད་ཀྱི་གྲྭ་རྒན་ཞིག་གིས་བསྟུད་མར་ཕྱག་མོ་བདུན་བརྒྱད་ཅིག་ཞུས་སོང་། དེ་སྐབས་མི་ཧ་ཅང་མང་བས་གཞན་དག་གིས་ཀྱང་དེ་འདྲའི་གོ་སྐབས་ལེན་ངེས་རེད། འོན་ཀྱང་༧གོང་མ་རིན་པོ་ཆེ་ནི་ཐུགས་གཤིས་ཡངས་ཤིང་། མང་ཚོགས་ཀྱི་རེ་བ་ལ་ཟབ་ནན་གྱིས་ཉན་ཞིབ་གནང་མཁན་ཞིག་ཡིན་པར་སོང་། མཇལ་བཅར་བྱེད་མཁན་གྱི་དད་ལྡན་མང་ཚོགས་ཧྲིལ་པོར་དབྱེ་འབྱེད་ཅི་ཡང་མེད་པར་ཐང་ཆད་ཆད་བར་མཇལ་ཁ་སྩོལ་བཞིན་ཡོད།
ཉིན་དེར་མཇལ་ཁའི་དུས་བཅད་ཐ་མ་ཉིན་གུང་ཆུ་ཚོད་བཅུ་གཉིས་རྦད་དེ་ཡོལ་ཟིན་ནའང་། མང་ཚོགས་ཀྱིས་ད་དུང་ཕོ་བྲང་གི་ར་སྐོར་ནང་བང་བསྒྲིགས་འདུག ཕོ་བྲང་དུ་འདི་འདྲའི་རིགས་ཀྱི་གནས་ཚུལ་རྒྱུན་དུ་བྱུང་བཞིན་ཡོད་ཅིང་། ཧ་ཅང་གུ་ཡངས་མིན་པའི་ཕོ་བྲང་དེར་མང་ཚོགས་ཀྱི་དབུས་སུ་༧གོང་མ་རིན་པོ་ཆེའི་དཔྲལ་བ་ནས་ཚ་དྲོད་ཀྱི་རྔུལ་ཆུ་བཞུར་བཞིན་འདུག གནས་ཚུལ་འདི་འདྲ་ནི་ངས་ལན་མང་པོར་མཐོང་མྱོང་།
མདོར་ན། ཕྱག་མཛོད་ཀྱི་སྒྲིག་ལམ་ལྷོད་ཅིང་། ཉེ་གནས་པའི་སྟངས་འཛིན་ཉུང་བ། བླ་བྲང་སྤྱིའི་འཛིན་སྐྱོང་ཧ་ཅང་དཀྱུས་མ་ཡིན་པ་སོགས་ལ་བསམ་ན། བོད་ཀྱི་བླ་ཆེན་ཚོའི་ཁྲོད་ནས་མང་ཚོགས་ཀྱི་མཇལ་ཁ་ཞུ་ས་ཆེས་སྟབས་བདེ་ཤོས་དེ་( ༧གོང་མ་རིན་པོ་) ཆེ་ཁོ་ན་རེད་ཅེས་བརྗོད་ན་ཐལ་མི་དྲགས་སྙམ།
དེའི་རྒྱུ་མཚན་ནི། སྒྲོལ་མ་ཕོ་བྲང་འདི་བ། བོད་ཀྱི་བྱུང་རབས་ཁྲོད་ཆོས་སྲིད་ཀྱི་སྙན་པ་མཐོ་མིན་དང་། མཛད་པ་རྒྱས་མིན་ལ་མ་ལྟོས་པར། བཙན་བྱོལ་དུ་ཕེབས་པ་ནས་བཟུང་ད་ལྟའི་བར་འཚོ་བ་ཧ་ཅང་དཀྱུས་མའི་ངོ་བོར་བཞུགས་ཡོད་ཅིང་། སྒྲོལ་མ་ཕོ་བྲང་གི་སྤྱིའི་རྒྱ་ཁྱོན་དང་འཛུགས་སྐྲུན་ཡང་། རྒྱ་གར་ཁྱིམ་ཚང་དཀྱུས་མ་ཞིག་གི་གནས་བབ་ལས་མ་བརྒལ་བར། རྟག་ཏུ་ཆོག་ཤེས་ཀྱི་སྩལ་ཁོ་ན་བསྐྱེད་བཞིན་པ་རྒྱུས་ཡོད་ཚོས་ཤེས་ངེས་ཡིན།
ལོ་རྒྱུས་ཀྱི་གོ་བབ་མཐོ་རུང་། ཡ་རབས་དང་བཟང་སྤྱོད་ཀྱི་གཤིས་སྤྱོད་ནམ་ཡང་ཉམས་མ་མྱོང་བའི་ཕོ་བྲང་འདི་བ་ཚང་ནི། ད་ལྟའི་བོད་ཀྱི་སྤྲུལ་སྐུ་གཞོན་རབས་པ་ཚོའི་བླ་བྲང་ལ་མཚོན་ན། ངེས་པར་ལྟ་རིན་ཡོད་པའི་མིག་དཔེ་གལ་ཆེན་ཞིག་ཏུ་གྱུར་ཡོད།
དེར་བརྟེན་ཧ་ཅང་བྲེལ་ཟིང་ཆེ་བའི་རྒྱ་གར་ནས་གནས་སྐབས་རིང་རིན་པོ་ཆེ་ཨ་རིར་ཆིབས་བསྒྱུར་བསྐྱངས་པ་ནི། རྒྱ་གར་དང་ཧི་མ་ལ་ཡི་བོད་རིགས་དད་ལྡན་མང་ཚོགས་ལ་མཚོན་ན་མཇལ་ཁ་ཞུ་ཡུལ་ལྷོད་པོ་དེ་འདྲ་མེད་པས་སེམས་པ་སྟོང་ལྷང་ངེ་ཞིག་ཡིན་ནའང་། དབུགས་ཀྱི་རྒྱུ་བ་རེ་རེས་ཀྱང་སེམས་ཅན་གྲངས་མེད་པའི་དོན་མཛད་བཞིན་པའི་རིན་པོ་ཆེའི་སྒུ་སྐེར་གྱི་འཕྲོད་བཞེས་དང་། སྐུ་ངལ་གསོ་བའི་གོ་སྐབས་ལ་བསམ་ན། ཨ་རིའི་དབེན་དགོན་ནི་བཞུགས་གནས་ལེགས་ཤོས་ཤིག་ཡིན་ཏེ། གནས་དེ་ན་དད་ལྡན་མང་ཚོགས་ཀྱི་འུར་ཟིང་དང་། འཚང་ཁ་སོགས་མེད་པས། ཕོ་བྲང་གི་ཕྱི་ནང་གང་དུ་ཧ་ཅང་ཞི་བདེ་བག་ཕེབས་ངང་ཕེབས་ཆོག་པའི་རང་དབང་ངོ་མ་དེ་རྙེད་ཐུབ་པས་སོ། །
མཐའ་དོན་རིས་མེད་གདམས་པ་རྒྱ་མཚོའི་བང་མཛོད་དུ་གྱུར་པ་༧སྐྱབས་མགོན་༧གོང་མ་རིན་པོ་ཆེ་མཆོག་སྐུ་ཚེ་བརྟན་ཅིང་རླབས་ཆེན་གྱི་མཛད་འཕྲིན་སྲིད་མཐར་རྒྱས་པའི་བཀྲ་ཤིས་སྨོན་འདུན་བཅས་འཁྱམས་པོ་ཨ་འདུས་པས་༩/༢༦/ཉིན། རང་གནས་ནགས་ཀྱི་སྦྱིལ་བུ་ནས་ཤར་མར་བྲིས་སོ། །
Leave a Reply