མཛའ་གླུ་ཉིང་བསྡུས།

«ཞར་བཀོད་བཞི།» སད་སྐལ།«གཅུང་པ།»

གཡང་དཀར་རི་ལ་དེད་དེ།
ལ་གླུའི་དབྱངས་རྟ་གྱེར་མཁན་དེ་ཁྱོད།
རི་བོའི་སྤོ་ལ་ཞོགས་ཏེ།
རྒྱང་རིང་མཛའ་ཕྱོགས་ལ་མི་ཟུང་ཅེར་གྱིན།
མི་ཚེ་མཐུད་བསྡེབས་བྱེད་མཁན་དེའང་ཁྱོད།

རྟ་ཕོའི་སྒལ་པར་བཞོན་ཏེ།
དང་པོར་གསང་འཕྲིན་བསྐུར་མཁན་དེ་ང་།
ལ་ཆེན་ལ་ཆུང་བརྒལ་དུས།
དྲན་འཛིན་མཐིལ་དུ་ལྷུང་བའི་རྔུལ་ཆུ་བཞིན།
རྟག་པར་ཡིད་ངོར་སྟིམ་མཁན་དེའང་ང་།

༢༠༢༡.༧.༢༠ ནུབ་མོར་བརྩམས།

མཛའ་བརྩེ།

གལ་ཏེ།
ཁྱོད་རང་ཤོག་བུ་དཀར་པོ་ཞིག་དེ་ཡིན་ཚེ།
ང་ནི་སྙུག་གུ་ལག་ཏུ་ཐོགས་ཏེ།
མི་ཚེའི་གཏམ་རྒྱུད་སྙན་ངག་ཏུ་བཞེངས་མཁན་དེ་ཡིན་སྲིད།

གལ་ཏེ།
ཁྱོད་རང་མེ་ཏོག་པདྨ་ཞིག་དེ་ཡིན་ཚེ།
ང་ནི་གཤོག་ཟུང་མཐོངས་སུ་བཏེགས་ཏེ།
སྐྱེ་བ་གཅིག་ལ་ཞེ་འཁྲེན་མཁན་གྱི་སྦྲང་བུ་ཞིག་ཡིན་སྲིད།

གལ་ཏེ།
ཁྱོད་རང་ཅི་ཡང་མིན་ཞིང་ཅི་ཡང་མེད་ཚེ།
ང་ནི། རྟག་པར་ཁྱོད་ཀྱི་ཕྱོགས་སུ་གསལ་བའི་ཉི་མ་བཞིན།
ཉིན་མཚན་མེད་པར་དུས་གསུམ་ཀུན་ཏུ།
ཁྱོད་ཀྱི་མཐོང་ལམ་ནས་རྟག་པར་གསལ་དུ་ཡོད་པའི་མི་དེ་ཡིན་སྲིད།

༢༠༢༡.༧.༢༠ ནུབ་ལ་བརྩམས།

སྲིན་འབུ་རུ་སྐྱེ་ངེས་སམ།

སྐྱེ་བ་ད་རིས་ཀྱི་རྣམ་སྨིན་འདིས།
ང་རང་ཁྱོད་ཀྱི་པདྨར་འཁོར་བའི་སྲིན་འབུ་ཞིག་ཏུ་སྐྱེ་བར་ངེས་སྙམ།
དུག་གསུམ་ལས་འདོད་ཆགས་ཀྱིས།
སྐྱེ་བ་འདིའི་ཡུན་སྤྱད་དེ་ང་རང་ཁྱོད་ཉིད་ལ།
འཁྲེན་སྲེད་ཀྱི་རྟོག་པ་བརྟས་སུ་འཇུག་ཅིང་ཞེན་བློའི་ས་བོན་བཏབ།
དེ་བས་ང་རང་སྐྱེ་བ་འདིའི་འདུ་བྱེད་སྟོང་རྗེས།
ཁྱོད་ཀྱི་པདྨའི་རྫིང་བུ་ལ་རོལ་བའི་སྲིན་འབུ་རུ་སྐྱེ་ངེས་སམ།

འཁོར་བའི་འདུ་འཛི་དང་བྲལ་ཏེ།
ཟོལ་མེད་ཁུ་སིམ་གྱི་རོལ་དབྱངས་མྱོང་དཀྲོལ་བྱ་འདོད་ཕྱིར།
དབུ་ཡི་ལྕང་ལོ་མཚོན་གྱི་སོ་ཁར་བཏབ་ཀྱང་།
འཁྲི་རྟོག་གི་ལྡེབས་སུ་གཤེགས་པའི་ཡིད་ཀྱི་མེ་ལོང་རྙོགས་མཁན།
ཁྱོད་ཀྱིས་ང་ཡི་སྐྱེ་བ་འདིའི་ཡིད་ཀྱི་གཙང་པོ་དཀྲུགས་པས།
ང་རང་སྐྱེ་བ་ཕྱི་མར་ཁྱོད་ཀྱི་པདྨར་འཁྲི་བའི་སྲིན་འབུ་རུ་སྐྱེ་ངེས་སམ།

༢༠༢༡.༧.༢༠ ནུབ་ལ་བརྩམས།

ཉེ་རིང་།

སེམས་པ་ཉེ་བའི་བཟོ་ལྟ་ཞིག་སྟོན་པར་སྲིད་ན།
སྐྱེ་བ་འདིའི་རི་ལུང་ཐང་གསུམ་བརྒལ་བའི་འགྲོགས་ཡ་དང་།
ཚེ་མཐར་བགྲོད་པའི་ལམ་གྱི་ཁ་ཞེང་གཅོད་མཁན་ཏུ།
ཡིན་པའི་གདེང་རྙེད་སྲིད།

ལུས་ཀྱི་བར་ཐག་རིང་བའི་རྣམ་པ་དེ་མངོན་དུས།
ལུས་པོ་ལྗིད་ལྕི་གེར་ཉིན་གང་པོར་ལས་བྲེལ་གྱིས་དུབ་པ་དང་འདྲ།
རྒྱང་རིང་གི་ས་མཐའི་ཡུལ་ནས།
ལས་ཀྱི་འཕྲོ་མ་ཟད་པའི་ལྦུ་ཆང་ལྷག་མ་དེ་ཧུབ་ཀྱིས་འབྱོང་ནས།
འདུན་པའི་གཏད་སོ་དེ་མངོན་འགྱུར་ལ་རེ་སྒུག་དང་།
ལུས་སེམས་མ་ཕྲལ་བར་ཉེ་བའི་བཟོ་ལྟ་བཅོས་མིན་ཅན་ཞིག་ལ་ཨང་།

༢༠༢༡.༧.༢༠ གཞས་ཤིག་མཉན་བཞིན་ནུབ་ལ་བརྩམས།

དབྱངས།

ཟླ་དགུ་པ། གནམ་གཤིས་སྙོམས་འགྲིག་དུས་སུ།
སེམས་ཀྱི་གཙང་པོར་ཐིམ་པའི་ཁ་བ་བཞིན།
ཁྱོད་ཀྱི་མིག་ཟུང་། ཁྱོད་ཀྱི་སྐད་ངག
མཛེས་པ་ཡོད་ཚད་དཀར་གཙང་ངེར་བབས་པའི་ཁ་བ་བཞིན།
ང་ཡི་སེམས་ཀྱི་གཙང་པོར་བབས་པས།
ནམ་རྒྱུན་གྱི་དགུན་ཟླ་རིང་མོ་དེ་ཡལ་ཟིན་པའི་དབྱར་ཁ་ལྟར།
སླར་ཡང་མྱང་དགོས་མ་བྱུང་།

དབྱངས་ལགས། ཟླ་དགུ་པ་ནི།
གྲང་ངར་ཆེ་བའི་སྟོན་མཇུག་འཁྱགས་པ་དེ་ཡིན་མོད།
ཁྱོད་ཀྱི་མེ་ཏོག་ལྟ་བུའི་བྱད་གཟུགས་དེ་ཉིད།
ང་ཡི་ཡིད་ཀྱི་ཞིང་སར་བཞད་པས།
ང་རང་ཁྱོད་ཉིད་སྐྱེད་ཕྱིར་དྲོན་ཆུ་ལུད་གསུམ་དགོས་པ་བཞིན།
འཁྲི་བའི་ཚོར་བ་ཚ་ལམ་མེར་མེ་སྒོང་བཞིན།
སེམས་ཀྱི་ནང་ནས་ཕྱིར་རྩ་ལམ་བརྒྱུད་ནས་དྲོད་ཀྱིན་འདུག

དབྱངས་ལགས། ཟླ་དགུ་པར།
ཁྱོད་ཀྱིས་རང་ཉིད་ཀྱི་རེ་ཁཱ་སྣུམ་པོ་ཞིག་སྤྱད་དེ།
སུ་ཞིག་གི་སེམས་པ་སྒུལ་བའི་གོ་རིམ་དག
ངས་དེ་དུས་བཞིན་གསལ་ལྷང་སེམས་ནས་དྲན་གྱིན་འདུག

༢༠༢༡.༧.༢༠ ནུབ་མོར་ནམ་མཁའ་མཚོའི(央格)སྙན་གྱིན་བྲིས།

Be the first to comment

Leave a Reply

Your email address will not be published.


*