དཀར་མཛེས། རྡུལ་དཀར་པོ།
མཚར་སྡུག་མངོན་པར་བཞད་པའི་མི་ཡུལ་གྱི་བཀོད་པ། །
ལས་དབང་འཆིང་ཐག་གྲོལ་བའི་རྟོགས་ལྡན་གྱི་ཉམས་ལེན། །
དཀའ་སྡུག་རང་སར་གྲོལ་བའི་དཔྱོད་ལྡན་གྱི་ལྷ་མོ། །
དུས་བཞི་རང་སར་འགྱུར་བ་ཆོས་ཉིད་ཀྱི་འབྲེལ་བ། །
རྨི་ལམ་འཇའ་གུར་ཕུབ་པའི་ཡིད་དབང་གི་ཁང་ཁྱིམ། །
སེམས་བྱུང་ངར་འཛིན་འཁོར་བའི་འཆིང་ཐག་གི་རྩ་བ། །
རྣམ་དག་སྤུ་གྲི་ངར་མ་དུག་གསུམ་གྱི་མགོ་ཁུངས། །
འདོད་ཆགས་རྦ་རླབས་འཁྲུགས་པའི་བཙན་དབང་གི་ངར་སྒྲ། །
ཞེ་སྡང་མེ་རུ་འབར་བའི་ཨ་སྔོན་གྱི་དུད་སྨུག །
གཏི་མུག་ཉི་འོད་དབེན་པའི་མོག་མོག་གི་མཚན་མོ། །
འདི་དག་གང་ལ་ལྟས་ཀྱང་སྙིང་པོ་ཞིག་མ་མཐོང་། །
ངུ་བཞིན་ངུ་བཞིན་འཁྱམས་པའི་དྭ་ཕྲུག་གི་ལས་དབང་། །
ཕན་ཚུན་འདང་བརྩེ་ཆེ་བའི་གཞོན་ནུ་ཡི་བརྩེ་དུང་། །
མི་ཚེ་ཕྱེད་ཀ་རྫོགས་པའི་རྒན་རྒོན་གྱི་བདག་འཛིན། །
གྲོང་ཁྱེར་འཚོ་བར་གོམས་པའི་ན་གཞོན་གྱི་འགྲོ་འདུག །
རི་གསུམ་རྩེ་ན་འཁྱམས་པའི་ཕྱུགས་ཟོག་གི་རྫི་བོ། །
ལུང་གསུམ་མདོ་ན་འཚོ་བའི་ཞིང་ནང་་གི་རོང་པ། །
དབྱར་དགུན་ཁ་ཟས་བྱ་བའི་འཚོ་བཅུད་ཀྱི་ཕག་ཤ །
ཞིམ་མངར་བྲོ་བ་ཟབ་པའི་འབྲི་མར་དང་ཆུར་བ། །
མགོ་ལྕོག་ལྡེམ་ལྡེམ་གཡོ་བའི་ཞིང་ནང་གི་མྱུ་གུ། །
དཀའ་སྤྱད་སྡུག་རུས་བྱེད་པའི་ན་གཞོན་གྱི་སློབ་མ། །
ང་རྒྱལ་རང་འདོད་ཆེ་བའི་གྲོང་ཁྱེར་གྱི་དགེ་རྒན། །
འདི་དག་གང་ལ་ལྟས་ཀྱང་སྙིང་པོ་ཞིག་མ་མཐོང་། །
ཤ་རུས་ཕུང་པོ་བསགས་པའི་འདུས་བྱས་ཀྱི་འཚོ་བ། །
མ་མཇལ་ཡུན་རིང་མཇལ་བའི་ཕུ་ནུ་དང་གཉེན་ཉེ། །
བརྩེ་དུང་འདབ་མ་གཏོར་བའི་ན་གཞོན་གྱི་ཆུང་གྲོགས། །
མཛེས་མའི་ཟུར་མིག་འཕངས་བའི་ཡིད་དབང་གི་འཛུམ་མདངས། །
རང་སེམས་གཞན་ལ་ཤོར་བའི་དཀའ་སྡུག་གི་ཟིན་བྲིས། །
ཤི་འཐམ་རོ་འཐམ་བྱས་པའི་རང་ཉིད་ཀྱི་འཚོ་བ། །
སོང་ཡང་ཐོན་པ་མེད་པའི་མི་ཚེ་ཡི་བརྒྱུད་རིམ། །
བཤད་ན་རྫོགས་རྒྱུ་མེད་པའི་ལོ་ཟླ་ཡི་ཉོག་གཏམ། །
མཐོང་ཆུང་བརྙས་དམོད་བྱས་པའི་ཟུར་སྣོན་གྱི་སྡུག་བསྔལ། །
མཐོན་པོར་ངོ་དགའ་བྱེད་པའི་བཅོས་མ་ཡི་འཁྲབ་སྟོན། །
ང་བཟང་ཁྱོད་བཟང་རྩོད་པའི་དམྱལ་བ་ཡི་གོམས་གཤིས། །
འདི་དག་གང་ལ་ལྟས་ཀྱང་སྙིང་པོ་ཞིག་མ་མཐོང་། །
དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།