༧ སྐྱབས་མགོན་ས་སྐྱ༧ གོང་མ་ཁྲི་ཆེན་མཆོག་ལ་བརྟན་བཞུགས་བསྟར་འབུལ།

འདི་ནས་ཇི་ལྟར་སྒྲོལ་མ་ཕོ་བྲང་ནས་བཀའ་དྲིན་སུམ་ལྡན་གྱི་དྲིན་ཆེན་རྩ་བའི་བླ་མ་དམ་པ་ ༸ དཔལ་ས་སྐྱ་༸གོང་མ་ཁྲི་ཆེན་རྡོ་རྗེ་འཆང་ཆེན་པོ་མཆོག་གི་སྐུ་ཕྱྭའི་ཐད་ངོར་ཆེན་རྒྱལ་བའི་རྒྱལ་ཚབ་མཚུངས་ཟླ་མ་མཆིས་པ་ ༸ ཀླུ་ལྡིང་མཁན་ཆེན་རྡོ་རྗེ་འཆང་ཆེན་པོ་མཆོག་ལ་ཐུགས་དམ་སྐྱབས་འཇུག་ཞུས་པ་བཞིིན་སྐུ་ཕྱྭའི་ཞབས་རིམ་ནང་ནས་གལ་ཆེ་བ་ནི་རྩ་བའི་བླ་མ་དམ་པ་གང་ཉིད་བསྟན་འགྲོའི་དོན་དུ་སྐུ་ཚེ་ཞབས་པད་བརྟན་པའི་སླད་བརྟན་བཞུགས་གནད་ལ་སྨིན་པ་ཞིག་འབུལ་དགོས་པའི་བཀའ་ཕེབས་པ་ལྟར་ཕྱི་ཟླ་ ༥ ཚེས་ ༨ ནས་ ༡༢ བར་༧སྐྱབས་མགོན་ས་སྐྱ་༧གོང་མ་ཁྲི་འཛིན་ཞེ་གཉིས་པ་དང་རྡོ་རྗེ་སློབ་དཔོན་༧ སྐྱབས་མགོན་ས་སྐྱ་གོང་མ་ཁྲི་འཛིན་ཞེ་གསུམ་པ་དང་གདུང་སྲས་ཨ་བི་རིན་པོ་ཆེ་དང་གདུང་སྲས་ཨ་སངྒ་རིན་པོ་ཆེ་དང་༧སྐྱབས་རྗེ་ཐར་རྩེ་མཁན་རིན་པོ་ཆེ་དང་ཀླུ་ལྡིང་ཞབས་དྲུང་རྣམས་ཀྱིས་དབུས་མཁན་པོ་དང་སྤྲུལ་སྐུ་དང་དགེ་འདུན་པ་དང་བཙུན་མ་སྒྲོལ་དཀར་བསྙེན་མཚམས་ཡོད་པ་བརྒྱ་ལྷག་གཙོ་བོར་གྱུར་པའི་འདུས་ཚོགས་ནས་སྒྲོལ་དཀར་བརྟན་བཞུགས་སྒྲུབ་ཞག་སྔོན་དུ་གྲོ་བའི་སྒོ་ནས་ཁ་རྩང་ཚེས་བཟང་ཉིན་མགོན་པོ་མཆོག་ལ་བརྟན་བཞུགས་དངོས་གཞི་བསྟར་འབུལ་ཞུ་སྐབས་༧སྐྱབས་མགོན་ས་སྐྱ་གོང་མ་ཁྲི་འཛིན་ཞེ་གསུམ་པས་མཎྜལ་ལྗགས་བཤད་མཛད། རྗེ་བཙུན་མ་ཀུན་དགའ་འཕྲིན་ལས་དཔལ་སྟེར་གྱིས་སྐུ་གསུང་ཐུགས་ཡོན་ཏན་འཕྲིན་ལས་འབུལ་གནང་མཛད། ༧ སྐྱབས་མགོན་ས་སྐྱ་གོང་མ་ཁྲི་འཛིན་ཞེ་གཉིས་པས་ཞལ་བཞེས་ཞུས་གནང་མཛད་རྗེས་རྩ་བའི་བླ་མས་སྐུ་ཚེ་ཞབས་པད་བརྟན་པའི་ཞལ་བཞེས་བཟང་པོ་ཐོབ། དེ་ནས་སྐྱབས་མགོན་གོང་མ་ཁྲི་འཛིན་ཞེ་གཉིས་པས་སྐུ་ཚེ་ཞབས་པད་བརྟན་པའི་ཞལ་བཞེས་བཟང་པོ་ཐོབ་པའི་གཏང་རག་མཎྜལ་འབུལ་གནང་མཛད།  ཕྱི་དབང་སྤྲུལ་སྐུ་རིན་པོ་ཆེ་ནས་རྒྱལ་སྲིད་སྣ་བདུན་འབུལ་གནང་མཛད། གདུང་སྲས་སིདྷ་རྠཱ་བཛྲ་་རིན་པོ་ཆེ་ནས་བཀྲ་ཤིས་རྫས་བརྒྱད་འབུལ་གནང་མཛད། མཐར་བཀྲ་ཤིས་པའི་ཚིགས་བཅད་རྣམས་གསུངས་རྗེས་བརྟན་ཞུགས་མཛད་སྒོ་ལེགས་པར་གྲུབ་གནང་འདུག 

About གདོང་མཁན། 1038 Articles
སྤྱི་ཁྱབ་རྩོམ་སྒྲིག་པའི་ཟུར་མཆན། >> རྩོམ་སྒྲིག་པ་གདོང་མཁན་ལགས་ནི་གདོང་ཐོག་དགོན་གྱི་ལྟ་གྲུབ་སློབ་དཔོན་མཁན་པོ་ཀཿབྲག་དངོས་གྲུབ་བསོད་ནམས་ཡིན།

Be the first to comment

Leave a Reply

Your email address will not be published.


*