སྒ་སྟོན་རྡོ་རྗེ་འཆང་མི་ཉག་ནང་བསྟན་འགྲོའི་མཛད་འཕྲིན་རླབས་ཆེན་བསྐྱང་གནང་མཛད་ཅིང་། ༡༩༣༩-༡༩༤༠ ནང་སླར་ཡང་མི་ཉག་ནས་སྒ་སྟོན་རྡོ་རྗེ་འཆང་ལ་བཀའ་ཆོས་གསུང་ཆེད་གདན་ཞུ་བྱུང་བར། དགུང་ན་མཐོ་བས་ཕེབས་རྒྱུ་ཞལ་བཞེས་མ་གནང་བར་སྡེ་གཞུང་རིན་པོ་ཆེ་སྐུ་ཚབ་ཏུ་བཏང་མཛད། ༧ སྐྱབས་རྗེ་སྡེ་གཞུང་རིན་པོ་ཆེ་ཐར་ལམ་ནས་ཕེབས་ཐོན་གནང་ཁར་རྩ་བའི་བླ་མ་སྒ་སྟོན་ངག་དབང་ལེགས་པའི་སྐུ་མདུན་དུ་ཐོན་མཇལ་བཅར། སྒ་སྟོན་གྱིས་བསླབ་བྱ་མང་པོ་དང་། མ་འོངས་པར་མཛད་དོན་འགྲུབ་པའི་ཐུགས་སྨོན་གནང་། མཐའ་མའི་ཞལ་མཇལ་འདིའི་སྐབས་སྒ་སྟོན་བཞུགས་ཁྲི་མཐོ་པོ་ཞིག་ལ་བཞུགས་པའི་མདུན་དུ་རྗེ་འདི༼སྡེ་གཞུང་རིན་པོ་ཆེ༽བཞུགས་ཁྲི་དམའ་བ་ཞིག་ལ་བཞུགས། གུས་རང་ལོ་མང་རྗེས་སུ་ཕྱིར་ལོག་དུས་ཁྱེད་ག་བར་བཞུགས་ཡོད། ཐར་ལམ་ལ་བཞུགས་ཡོད་དམ། ཞེས་བཀའ་འདྲི་ཞུས་པར། ང་ག་པར་ཡང་བསྡད་མེད། ང་ཤི་ཚར་ཡོང་གསུངས། གསུང་དེ་གསན་མ་ཐག་ཏུ་བདག་རང་བླ་མ་དང་འབྲལ་བར་འདོད་ནས་མིན་པར་བླ་མའི་བཀའ་བསྒྲུབ་ཕྱིར་འགྲོ་བ་ཡིན་ན་ཅི་དྲག་དགོངས་ནས་ཐུགས་མྱ་ངན་གྱིས་ནོན།
ཅུང་ཟད་ཅིག་ནས་བླ་མ་ཡག་པོར་བཞུགས་ཞུས་ནས་ཕྱག་དབང་ཞུས་པར། བླ་མས་ཐང་སྟོང་རྒྱལ་པོའི་སྨོན་ལམ། དཔོན་སློབ་མི་འབྲལ་ལྷན་ཅིག་འགྲོགས། །སྐུ་ཚེ་མི་འགྱུར་སྲ་ཞིང་བརྟན། །ཇ་བཟང་བཞེས་སྤྲོ་རྒྱུན་མི་ཆད། །སྐྱིད་ལ་ཆོས་འཕེལ་བཀྲ་ཤིས་ཤོག །གསུངས།
སྒོ་ཕྱིར་ཐོན་ཁར་ཕྱི་ལྟས་བསློགས་པས་སྨོན་ལམ་སྐྱོར་བཞིན་བཞུགས་པ་མཇལ། ཕེབས་ལམ་སྡེ་གཞུང་ནང་བཞུགས་རྒྱུན་རིང་དུས་ཚོད་ཕལ་ཆེར་འབྲོག་པའི་སྦྲ་གུར་རྣམས་སུ་གསུང་ཆོས་གནང་བ་དང་། རིམ་འགྲོ་བསྒྲུབས་མཛད། ༡༩༤༡ ལོའི་དཔྱིད་སྨད་འབྲོག་སྡེ་གཅིག་ནས་གཞན་ཞིག་ལ་ཕེབས་འགྲུལ་མཛད་སྐབས། དཀོན་ཡག་སོགས་སྐུ་འཁོར་རྣམས་འབྲོག་སྡེ་གཉིས་བར་གྱི་སྒང་རྒྱུད་མཐོ་པོ་ཞིག་བརྒལ་ནས་ཕེབས་དུས་གློ་བུར་དུ་འདིར་སྡོད་ཅིག་གསུངས།
དེར་རྗེ་འདི་༼སྡེ་གཞུང་རིན་པོ་ཆེ༽གཅིག་པུར་ཟུར་དུ་བཞུགས་པའི་ཚེ་ཉམས་སྣང་དུ་སྒ་སྟོན་རྡོ་རྗེ་འཆང་ངག་དབང་ལེགས་པ་རིན་པོ་ཆེས་སྒེའུ་ཁུང་ཆུང་ཆུང་ཞིག་བརྒྱུད་མཐའ་མའི་ཞལ་འདམས་སྩལ་བ་གསལ་པོར་གཟིགས། རྩ་བའི་བླ་མ་སྐུ་གཤེགས་ཉེར་ཡོད་པ་མཁྱེན་ནས། ང་མྱུར་དུ་ཡོང་དགོས་ཞུས་པར། སྒ་སྟོན་ངག་དབང་ལེགས་པས། མ་རེད། ཁྱོད་དེ་གར་བཞུགས། འདིར་ཕེབས་མི་དགོས་གསུངས་པའི་ཉམས་སྣང་བྱུང་། དཀོན་ཡག་སྐུ་གམ་དུ་ཚུར་བཅར་བར་འདིར་ངལ་གསོ་མཛད་པ་ཡིན་གསུངས། བདུན་ཕྲག་གཉིས་གསུམ་ཙམ་གྱི་རྗེས་སུ་ཐར་ལམ་ནས་ལི་ཐང་དུ་བང་ཆེན་སླེབས་པ་ལས་སྒ་སྟོན་ངག་དབང་ལེགས་པ་སྐུ་གཤེགས་པའི་གནས་ཚུལ་འབྱོར།
རྗེ་འདིས་༼སྡེ་གཞུང་རིན་པོ་ཆེས༽བླ་མ་གཤེགས་ཟིན་པའི་གནས་ཚུལ་ངེས་གཏན་མཁྱེན་ནས་བླ་མའི་དགོངས་རྫོགས་སུ་སྡེ་གཞུང་འཇམ་དབྱངས་སྐུ་འབུམ་དགོན་པའི་གྲྭ་མང་ཚོགས་དབུར་བཞུགས་ནས་ས་པཎ་བླ་མཆོད་ཉིན་བདུན་རིང་གསུངས།། །།
Leave a Reply