བཞག་ཚ། མི་ཉག
གློ་བུར་གཏམ་འཆལ་ཞིག་གིས་སྙིང་ཆུང་བརླན།།
ལོང་གཏམ་སྐད་བརྡ་ཞིག་གིས་སེམས་པ་གཟན།།
འོན་ཀྱང་སྐྱེས་འཆི་འཁོར་བའི་མཚན་ཉིད་དྲན།།
གྱོང་གུད་ཞིག་གི་དཀྱིལ་འཁོར་སེམས་སུ་འཆར།།
ཕམ་སེམས་སྙིང་ལ་བཅོལ་ནས་ཚིག་འདི་བྲིས།།
འཆད་པའི་གཟི་བྱིན་གངས་རི་ལྗོངས་སུ་འབར།།
རྩོད་པའི་རིག་ལམ་ས་དགེ་བཀའ་རྙིང་གྲགས།།
རྩོམ་པའི་ལེཊ་བཤད་སྙན་པའི་ཚིག་འདབ་འཁྱིལ།།
མཁས་པ་མཁས་པའི་དབུས་ན་ཁྱེད་ཉིད་བརྗིད།།
མདོ་དང་སྔགས་ཀྱི་གཏེར་གྱི་མཛོད་ཆེན་ཏེ།།
རྒྱ་གཞུང་བོད་གཞུང་ལུང་གི་བདག་ཉིད་དོ།།
མཁས་ཚུལ་གཞན་དང་བསྡུར་ན་འདྲ་ས་མེད།།
གངས་ཅན་བསིལ་མོའི་གྲོང་གི་ཀློང་ཡངས་ན།།
ས་དགེ་བཀའ་རྙིང་རྩོད་མཚམས་བཞག་མེད་ལ།།
དགོན་ཆེན་ཆོས་གྲྭའི་མཁན་པོ་བརྗེ་མེད་པར།།
འཆད་རྩོད་རྩོམ་པའི་ཡལ་ག་ཆག་སྟེ་ཐལ།།
ཐོས་བསམ་སྒོམ་པའི་མེ་ཏོག་སྐམ་སྟེ་ཐལ།།
མཁས་བཙུན་བཟང་བའི་ཟེར་འབྲུ་དོར་ཏེ་ཐལ།།
མཛད་འཕྲིན་གངས་རྒྱལ་འདྲ་བོ་གྲོལ་ཏེ་ཐལ།།
ཁྱེད་ཉིད་ཕེབས་པར་མགྱོགས་དྲག་མ་ཡིན་ནམ།།
ཁྱེད་ཉིད་གཤེགས་པར་སུ་ཡི་བཀའ་ཤོག་རེད།།
བཞུད་ཚུལ་མགྱོཊ་ལ་ཚད་ཅིག་མི་འདུག་པའི།།
རྒྱལ་བསྟན་སྤྱི་དང་བྱེ་བྲག་ལམ་འབྲས་པའི།།
གྱོང་གུད་སྤྲིན་པ་ནག་པོ་མཁའ་རུ་འཆར།།
དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།