ཐོར་བུ།(དཀར་མཛེས།)
ཕུ་ཆའི་ངོགས་སུ་མེ་ཏོག་ལྡེམ་པའི་ཚལ།།
བདག་གི་སྙན་ངག་དབུས་སུ་མངོན་པ་ན།།
ཁྱོད་ཀྱིས་ལག་པས་རིང་ནས་འདིར་བསྲིང་སྟེ།།
མཛེས་སྡུག་རྨི་ལམ་ཟོམ་གང་ཁྱེར་ཤོག་ཟེར།།
རྡོ་བའི་མཁར་གྱི་བག་མ་ཁྲིད་ཤོག་ཟེར།།
སྤར་བའི་ནང་གི་མེ་ཏོག་སྦྱིན་དང་སྨྲ།།
ཁྱོད་གདོང་མེ་ཏོག་གསར་པའི་ངོས།།
གཞོན་པའི་ཟིལ་ཆུས་བརླན་གྱུར་ཏེ།།
ཕྱི་དྲོའི་ནགས་སུ་རྒྱུ་བའི་ཚེར།།
ངས་ནི་སྤྲིན་ལས་ཆད་པའི་གསེར།།
གཏིང་གི་པདྨ་སྔོ་མདངས་མ།།
ལག་པས་བསྐྱོར་ཏེ་ཁྱོད་དྲུང་དུ།།
བསྒྲོད་སྙམ་བློ་ནི་འབུས་གྱུར་ཀྱང་།།
གོམ་པ་སྤོ་བར་སྤ་བཀོང་སྟེ།།
རྒྱ་ཕིབས་འོག་ཏུ་སྙན་ངག་གི།
ཆུ་སྒྲར་ཉན་ཏེ་འཆི་དགོས་བྱུང་།།
ཡིད་ཀྱང་དུབ་སྟེ་སྡོད་དགོས་བྱུང་།།
ཨེ།། གླུ་དེས་ཁྱོད་ཀྱི་ལག་པར་སྒུལ་ཙམ་བྱས།།
ནང་གི་ལོ་འདབ་སྔོན་པོར་བྱིལ་བྱིལ་བྱས།།
མུན་པའི་ཆུ་ཟོམ་ནང་དུ་ཁྱོད་ཀྱི་སྐད།།
ཤིན་ཏུ་གཉོམ་པར་གྱུར་ཀྱང་སྙན་ངག་སྟེ།།
བས་མཐའི་སྦྱིལ་བའི་ནང་དུ་མྱོང་འགྱུར་ཞིང་།།
སྒོམ་པའི་ཏིང་འཛིན་ནང་དུ་ཅལ་སེར་ལྷུང་།།
ཡི་དམ་ཞལ་གྱི་དབུགས་ལས་གྲགས་ཙམ་བྱེད།།
ཁེར་རྐྱང་ཁེར་གཞས་ནང་དུ་འགུལ་ཙམ་བྱེད།།
ཕྱེ་ལེབ་སྟངས་དཔྱལ་ཞིག།
མེ་ཏོག་ར་སྐོར་དུ།།
ཡར་མར་གཉིས་སུ་འཕུར།།
གཤོག་པ་མི་ངལ་བར།།
ཕྱི་དྲོ་ཕར་ལ་འདས།།
དེ་གཉིས་ཡིད་བརྙན་གྱི།།
སྲུབས་མཚམས་ལ་འཛུལ་ཏེ།།
བདག་ཡིད་མཚོ་རྫིང་གི།
ཁོ་ར་ཁོར་ཡུག་ཏུ།།
མེ་ཏོག་ཆང་ཟོམ་དུ།།
འཁྱིལ་བའི་ཆང་འཐུང་ཞོར།།
དགའ་སྤྲོའི་གླུ་བླངས་ཤིང་།།
ཚེ་གང་ལྷན་དུ་བཏང་།།
འཆི་ཚེར་མཉམ་དུ་ཤི།།
མཛེས་ལྡན་སྒྲུང་ཞིག་དཔར།།
རེ་ཞིག་ཡིད་བརྙན་ལྷ་ཁང་གི།
དབུས་སུ་མཛེས་ལྗོངས་བུ་མོ་ཡི།།
ཟུར་མིག་ཆང་གིས་རབ་བཟི་སྟེ།།
ཁྱོད་རང་ཡིད་ལས་འབོར་ཙམ་བྱས།།
ཡང་སྔོན་ཉི་མོའི་གུང་གི་དུས་ཚིགས་སུ།།
ཁྱོད་གང་ནགས་ཀྱི་གསེབ་ཏུ་བྱོན་པ་ན།།
ང་ཡིད་གླུ་ཡི་ཏིང་འཛིན་ལས་བབས་ཏེ།།
ལྗོན་ཤིང་རྩ་རུ་ངལ་གསོའི་མལ་དུ་སྡོད།།
གང་ཁྱོད་ང་ཡི་ངོགས་སུ་བྱོན་པ་ན།།
ངས་ནི་ངོས་མི་ཟིན་པའི་གླུ་བླངས་ཏེ།།
མཚོན་པར་དཀའ་བའི་ཐ་སྙད་སྤར་གང་གིས།།
སྙན་ངག་མེ་ཏོག་ཚོམས་བུ་འབུལ་བར་བྱས།།
ལུས་ཀྱི་འཇའ་ཚོན་དཀར་དམར་འབུལ་བར་བྱས།།
དེ་ལྟ་ན་འང་དེ་ཉིད་འདས།།
ད་ནི་དྲན་པ་ཁོ་ནས་ཡུལ།།
དེ་ལྟ་ན་འང་ད་ལྟའི་དུས།།
ངས་ནི་སྙན་ངག་མེ་ལོང་ལས།།
ཁྱོད་ཀྱི་རྣམ་པ་ཕྲ་མོ་འང་།།
ཡིད་ལ་བྱས་ཏེ་མི་སྡོད་ཅི།།
ཆོས་ཀུན་འགག་ཅིས་སླར་སྐྱེས་ཀྱང་།།
ཁྱོད་རྣམ་དེ་དག་འགྱུར་མིན་ཏེ།།
གཏིང་གི་གཏིང་དུ་བྲིས་པས་སོ།།
རྟག་བརྟན་ངོ་བོར་གྲུབ་པས་སོ།།
མཚན་འདི་ཆང་ཁང་ཆེན་མོ་ཆེན་པོ་འོ།།
ང་ནི་ཆང་འཐུང་ཁྲོད་ནས་སྨྱོན་པ་འོ།།
རང་ཉིད་གཤེར་བུར་འགྲེང་སྟེ་མི་དག་ལ།།
རང་སྒྲུང་རང་གིས་བཤད་པའི་བླུན་རིགས་ཏེ།།
མཚམས་རེར་རྨི་ལམ་ལས་འཕྲད་མི་དེའི་མིང་།།
ཁྲོམ་པའི་དཀྱིལ་ནས་སྐད་ནི་མཐོ་བས་འབོད།།
བོས་ན་སྙིང་པོ་ཅི་ཞིག་མཆིས།།
ལན་མེད་བྲག་ཅའི་ཚུལ་ལས་ཅི།།
Leave a Reply