བཅོམ་ལྡན་འདས་ཡིད་ལ་བྱས་ཏེ་བསྟོད་ཚིག

བཅོམ་ལྡན་འདས་ཡིད་ལ་བྱས་ཏེ་བསྟོད་ཚིག་ཏུ་བྲིས་པ་ཤོ་ལོ་ཀ་དྲུག་མ།

ཐོར་བུ།(དཀར་མཛེས།)

ཁྱོད་ཀྱི་དཔེ་བྱད་གསེར་གྱིས་མི་མཚོན་ཚོགས་གཉིས་གཟི་འོད་ལམ་མེར་བཞུགས།།
ཁྱོད་གསུང་ཚངས་པའི་དབྱངས་ཀྱིས་མི་དོ་རྟེན་འབྱུང་ཉོན་མོངས་བྲལ་བའི་ངག།
ཁྱོད་ཐུགས་ནམ་མཁའི་དཔེ་ཡིས་མི་འགྲན་མཐའ་མེད་ཤེས་བྱའི་དེ་ཉིད་གཟིགས།།
སྐྱོན་ཀུན་ཟད་ཅིང་ཡོན་ཏན་ཀུན་ལྡན་ཐུབ་དབང་ཁྱེད་ལ་མགོས་ཕྱག་འཚལ།།

ཤེས་རབ་རལ་གྲི་ཐེངས་གཅིག་གཡུག་སྟེ་སྒྲིབ་གཉིས་བདུད་ཀྱི་མགོ་བོ་བཅད།།
སྟོང་ཉིད་གཡུ་རལ་གསིག་ཙམ་བྱས་ཏེ་མུ་སྟེགས་ཝ་ཚོགས་ནགས་མཐར་བསྐྲད།།
བྱམས་བརྩེའི་ཉི་ཟླ་ཤར་བ་ཙམ་གྱིས་ཞི་བའི་ཆུ་བོ་བརྒྱ་ཕྲག་རྡོལ།།
བདག་ནི་དད་དེ་ཁྱོད་ཀྱི་ཞབས་ཀྱི་རྡུལ་ཕྲན་རེར་ཡང་ཕྱག་འཚལ་མོས།།

འཁོར་ལོ་སྒྱུར་བའི་རྒྱལ་ས་ཡོད་ཀྱང་ངན་སྐྱུགས་བཞིན་དུ་ཕར་ལ་གཡུགས།།
སྒེག་མོ་མང་པོའི་ཟུར་མིག་བསྟན་ཡང་བདག་གིར་མ་བྱས་ཐལ་བཞིན་བོར།།
སྐྱེ་འཆིས་མནར་བའི་སྐྱེ་འགྲོའི་དོན་ལ་རང་གི་ཡོད་ཚད་དོར་ཐུབ་པའི།།
རང་ལས་གཞན་གཅེས་བསམ་བློའི་སྲོལ་འབྱེད་ཁྱོད་ལ་མི་དད་རང་དབང་ཅི།།

བདག་འཛིན་ལྕགས་སྒྲོག་དམ་པོས་བསྡམས་ཡང་ལྟ་ངན་ལྕགས་ཀྱི་གཟེར་བུའི་ཚོགས།།
རང་དང་གཞན་ལ་ཕོང་མེད་འདེབས་པའི་ལོག་པར་སྨྲ་བ་ངན་པའི་ལྕེ།།
ཆོས་ཉིད་རལ་གྲིས་དུམ་བུར་བཅད་དེ་ཡང་དག་ནོར་བ་གཏན་མེད་པའི།།
ཆོས་ཀྱི་སྒོ་ཆེན་འགྲོ་ལ་ཕྱེ་མཁན་ཁྱོད་དང་མཚུངས་པ་གཞན་སུ་ཡོད།།

ས་འདིའི་སྟེང་དུ་སྟོན་པ་མང་ཡང་ཁྱོད་ནི་སྟོན་པ་ཀུན་ལས་འཕགས།།
ས་འདིའི་སྟེང་དུ་ཆོས་ལུགས་མང་ཡང་ཁྱོད་ཀྱི་ཆོས་འདི་ཀུན་ནས་རྨད།།
ས་འདིའི་སྟེང་གི་ཤེས་རབ་མིག་འབྱེད་ཁྱོད་ནི་ས་སྟེང་འགྲོ་བ་དག།
ས་འདིའི་སྟེང་དུ་བདེ་བར་འགོད་པར་ཁྱོད་ཀྱི་གསུང་ལས་གཞན་ན་ཅི།།

རབ་མཛེས་ཞི་བའི་སྐུ་གསུང་ཐུགས་ལ་རབ་སྙན་ངག་གི་སྙན་ཚིག་གི།
རབ་མཛེས་ཡིད་འཕྲོད་ཚིག་རྒྱན་མེད་ཀྱང་རབ་དུང་ཡིད་ཀྱི་ཀེ་ལ་ཤར།།
རབ་ཏུ་དད་པས་རྗེས་དྲན་ཚིག་གི་རབ་ཏུ་ཞི་བའི་སངས་རྒྱས་ལ།།
རབ་རིབ་བསྟོད་ཚིག་ཡི་གེར་བྲིས་པས་རབ་རིབ་རྨོངས་པ་བཅོམ་གྱུར་ཅིག།

Be the first to comment

Leave a Reply

Your email address will not be published.


*