ཞི་བའི་འཕགས་མཆོག་སྤྱན་གཟིགས་དངོས་བྱོན་འཇིག་རྟེན་གསུམ་མགོན་མཆོག་ལ་ཕུལ་བའི་དགེ་ལེགས་སྤྲིན་དཀར་གཡོ་བའི་སྦྲང་ཆར་ཞེས་བྱ་བ་བཞུགས་སོ། །
ཆོས་མཛོད། དཔལ་དོན་གྲུབ།
༡
ལས་འབྲས་ཚུལ་ལ་གཟིགས་པ་ཡི། །
མཁྱེན་པ་མི་དམན་ཤཱཀྱའི་སྤྲུལ། །
འབྲི་བསྟན་ཤིང་རྟའི་སྲོལ་འབྱེད་པ། །
ཀུན་མཁྱེན་ཁྱོད་ལ་རྟག་ཏུ་འདུད། །
༢
རྒྱལ་བསྟན་ཨུ་དུམ་ཝ་ར་ཡི། །
སྲོག་ཀི་རྒྱུ་བར་གསོ་བྱེད་པ། །
འབྲི་གུང་པ་ཞེས་ཡོངས་སུ་གྲགས། །
སྐྱེས་བུ་ཁྱོད་ལ་གུས་ཤིང་འདུད། །
༣
འགྲོ་ལ་དངོས་སུ་དམ་ཆོས་ཀྱི། །
མན་ངག་གནང་བའི་སྟོན་པ་ཆེན། །
ཁྱོད་ནི་ཀུན་གྱི་མགོན་པོ་སྟེ། །
རྨོངས་ལས་སྐྱོབ་པའི་སངས་རྒྱས་ལགས།་།
༤
དབྱངས་ཅན་རྗེས་སུ་བཟུང་བ་ཡི། །
སྙན་ཚིག་གཞུང་བརྒྱ་སྨྲ་བ་ཡི། །
བི་ཙཱ་ར་ཞེས་ཡོངས་གྲགས་པའི། །
སྐྱོབ་པ་འཇིག་རྟེན་གསུམ་མགོན་འདུད། །
༥
དེ་ཡང་བརྒྱད་ཁྲི་བཞི་སྟོང་གི །
ལམ་གྱི་རིམ་པ་ཀུན་བརྩལ་ཏེ། །
འདི་དང་ཕྱི་མའི་སེམས་ཅན་དག །
བདེ་བའི་གོ་འཕང་ཅིས་ཀྱང་ངོ་། །
༦
བཞི་སྟོང་གསུངས་བ་གང་ཉིད་དེ། །
ལེགས་བཤད་གཅིག་ཏུ་བསྡུས་པ་ཡི། །
དམ་པས་ཀྱང་ནི་དཔོག་དཀའ་བའི། །
དགོངས་གཅིག་མཛད་པའི་སྐྱེས་བུ་འདུད། །
༧
མཁས་རྣམས་ལེགས་བཤད་ཀུན་གྱི་སྙིང་། །
གསེར་དང་མཚུངས་བ་བདེན་པ་རྟོགས། །
ལེགས་པ་ལེགས་པའི་གསུང་ཆོས་ནི། །
ཨུ་དུམ་ཝ་ར་བཞིན་དུ་དཀོན། །
༨
ཐུབ་པའི་ཟབ་ཆོས་ནམ་མཁའ་ལ། །
བློ་གྲོས་ཁྱུང་གི་གཤོག་རྩལ་རྫོགས། །
ཀུན་ཏུ་དཀར་བའི་མཁྱེན་བརྩེ་བ། །
འཇིག་རྟེན་གསུམ་མགོན་ཕྱག་འཚལ་འདུད། །
༩
གཏིང་ཟབ་ཤེས་བྱ་རྒྱ་མཚོའི་མཐར། །
ཐོས་པའི་གྲུ་གཟིངས་ལ་བརྟེན་ནས། །
ལེན་གཅིག་གིས་ནི་ལེགས་བརྒལ་བའི། །
སྐྱེས་བུ་ཁྱོད་ལ་གུས་ཕྱག་འཚལ། །
༡༠
རྟེན་འབྲེལ་ཉ་གང་རྫོགས་པ་ཡི། །
འདུལ་བྱའི་མུན་པ་རབ་བསལ་ཏེ། །
རིན་ཆེན་དཔལ་གྱི་བསྟན་པ་ཞེས། །
ཡོངས་སུ་གྲགས་ལ་སྤྱི་བོས་བསྙེན། །
༡༡
མཁྱེན་པའི་ནམ་མཁའ་རྒྱ་ཆེན་ལས། །
བྱུང་བའི་བྱམས་བརྩེའི་ཆར་སྤྲིན་གྱིས། །
འགྲོ་ལ་བདེ་བའི་དཔལ་གཡང་བརྩལ། །
མགོན་ཁྱེད་ཚེ་རབས་ཀུན་ཏུ་འདུད། །
༡༢
དུག་གསུམ་སྟུག་པའི་སྙིགས་མ་ཡིས། །
ཀུན་ལ་ལོང་འཁྲིད་བྱེད་ན་ཡང་། །
རྟེན་འབྲེལ་ཆོས་འཁོར་བསྐོར་བ་ཡི། །
ཡང་དག་འཁྲིད་ལ་དད་པས་འདུད། །
༡༣
འགྲོ་ཀུན་མ་རིག་བདག་འཛིན་གྱིས། །
ངན་འགྲོར་ཆེས་ཆེར་ལྟུང་ན་ཡང་། །
དེ་ལ་འདུལ་བྱེད་ཆོས་ཀྱི་སྒོ། །
ཡང་དག་གསུངས་ལ་སེམས་ཀྱིས་གུས། །
༡༤
དབྱིངས་ཀྱི་ཉི་ཟླའི་དཀྱིལ་འཁོར་གྱིས། །
ཕྱོགས་བཅུའི་མུན་པ་གསལ་བ་བཞིན། །
འབྲི་གུང་པ་ཡི་ཟབ་ཆོས་ཀྱིས། །
འགྲོ་བའི་མུན་པ་རབ་ཏུ་གསལ། །
༡༥
མཁས་གྲུབ་འཇིག་རྟེན་གསུམ་མགོན་གྱི། །
འཆད་རྩོད་རྩོམ་པའི་ཨ་ཏི་ཤ །
ཆོས་ཕུང་བརྒྱད་ཁྲིའི་ཀུན་གྱི་པོ། །
གཅིག་ཏུ་བསྡུས་ལ་ཡང་ཡང་འདུད། །
༡༦
ཐུབ་པ་གྲུབ་པའི་སྐྱེས་བུ་ཁྱོད། །
འགྲོ་ལ་སྐྱོང་བའི་བྱམས་བརྩེ་དང་། །
དམ་ཆོས་སྨྲ་ལ་རྨད་བྱུང་གི །
བློ་གྲོས་མངར་ལ་གུས་པས་འདུད། །
༡༧
སྔོན་གྱི་ཐུབ་པ་ཆེན་པོ་དེས། །
གདོད་གཤིས་མ་བཅོས་རྟོགས་གྱུར་ནས། །
འགྲོ་ཡི་ཁམས་དང་དབང་པོ་སོགས། །
ལེགས་པར་བསྟུན་པའི་ཆོས་ཀྱང་གནང་། །
༡༨
སོ་སོ་སྐྱེ་བོའི་ངག་གི་སྤྱོད། །
ཡུལ་ནི་མ་ཡིན་ཡིད་ཀྱང་མིན་པའི། །
ཟབ་མོ་ཆོས་ཀྱི་སྒོ་འབྱེད་པ། །
རིན་ཆེན་དཔལ་ནི་གཙུག་ན་རྒྱལ། །
༡༩
ཐུབ་ཆོས་དོན་ཀུན་གཤིས་བབས་ཀྱི། །
ལྟ་བ་སྔ་མེད་རྣམ་དཔྱོད་ཅན། །
ཤཱཀྱ་ཐུབ་པའི་རྣམ་སྤྲུལ་བ། །
མགོན་པོ་ཁྱོད་ལ་ཕྱག་འཚལ་འདུད། །
༢༠
ཤེས་བྱ་དོན་ཀུན་གཟིགས་པ་ཡི། །
བློ་གྲོས་ཉི་ཟླའི་དཀྱིལ་འཁོར་ཅན། །
འཇམ་དཔལ་དབྱངས་དང་དབྱེ་མེད་པའི། །
འབྲི་གུང་པ་ལ་མགོ་བོས་འདུད། །
༢༡
ཁྱེད་ནི་སྟོན་པ་བཅོམ་ལྡན་འདས། །
སྐུ་གསུམ་དབྱེ་མེད་འཕྲིན་ལས་ཅན། །
སེམས་ཅན་ངན་འགྲོར་འཁྲིད་བྱེད་པའི། །
དུག་གསུམ་འཇོམས་པའི་དཔའ་བོ་ཉིད། །
༢༢
མ་རིག་མུན་པ་ཞི་མཛད་པའི། །
མཁྱེན་བརྩེའི་ཉི་ཟླའི་དཀྱིལ་འཁོར་ཅན། །
ངན་འགྲོའི་ལམ་ཆེན་འགོག་བྱེད་པའི། །
མཐུ་སྟོབས་ཧི་མ་ལ་བཞིན་བརྗིད། །
༢༣
སྔོན་གྱི་ཐུབ་པ་ཆེན་པོ་དེའི། །
ཟབ་ཆོས་ལེགས་བཤད་སྙིང་པོ་ཡི། །
དམ་པ་དགྱེས་པའི་དགོངས་གཅིག་གཞུང་། །
མཛད་པ་མངའ་བའི་མགོན་ཁྱོད་གུས། །
༢༤
ཀུན་ལ་བདེ་བའི་དཔལ་སྟེར་པའི། །
ཤེས་བྱ་སྨྲ་ལ་ཐོགས་མེད་ཅིང་། །
ཀུན་མཁྱེན་ཆོས་ཀྱི་འབྲི་གུང་པ། །
དྲི་མེད་རྣམ་དཀར་གཙུག་ན་རྒྱལ། །
༢༥
འགྲོ་བའི་མགོན་དུ་རིན་ཆེན་དཔལ། །
ཚངས་སྤྱོད་གཟི་བྱིན་ཆེས་ཆེར་འབར། །
ཤིན་ཏུ་བརྩེ་བ་ཆེན་པོ་ཡིས། །
ཀུན་ལ་དགའ་སྐྱེད་སྙིང་ནས་གུས། །
༢༦
ལྔ་རིག་ཤེས་བྱའི་གནས་ཀུན་ལ། །
ངལ་མེད་བརྩོན་པས་ཡོན་ཏན་མཛད། །
ཐོས་པའི་ཕ་མཐར་ལེགས་བགྲོད་པའི། །
ཆོས་ཀྱི་སྐྱོབ་པ་གཏན་དུ་འདུད། །
༢༧
རང་བདེའི་དཔལ་ལ་མ་ཆགས་ཤིང་། །
གཞན་ཕན་འབྲས་བུ་ཁོ་ནའི་ཆེད། །
བློ་ཕུགས་དམ་ཆོས་ཟབ་མོར་གཏད། །
སྒྲུབ་པ་ཕྱིན་ལ་དོན་གྱིས་བསྟོད། །
༢༨
ངེས་འབྱུང་ནམ་མཁའི་ཆར་རྒྱུན་གྱིས།།
སྒྲིབ་གཉིས་དྲི་མ་རབ་གསལ་ཏེ། །
སངས་རྒྱས་ཉག་ཅིག་གོ་འཕང་མཆོག །
བརྙེས་པའི་མགོན་དེར་ཕྱག་འཚལ་ལོ། །
༢༩
ངས་ནི་ཚེ་རབས་ཀུན་གྱི་གཙུག །
གདུང་བས་འབོད་ས་ཉག་ཅིག་གོ །
སྐུ་གསུམ་ཀུན་འདུས་བླ་མ་ཁྱེད། །
བྱིན་གྱིས་རློབས་ཤིག་མགོན་པོ་ཀྱེ། །
༣༠
ཤེས་བྱ་མ་ལུས་གསལ་གཟིགས་པའི། །
བདུད་བཞི་ལས་རྒྱལ་རིན་ཆེན་དཔལ། །
ཀུན་ལ་སྙིང་རྗེས་ཁྱབ་པ་ཡིས། །
རིས་མེད་འགྲོ་བའི་མགོན་པོ་མཁྱེན། །
༣༡
ཐམས་ཅན་དྲི་མེད་གཟིགས་པ་ཡི། །
མཁྱེན་བརྩེའི་འོད་མདངས་རྒྱས་པ་ཅན། །
རྨོངས་རྣམས་མུན་པ་རབ་གསལ་བའི། །
སྐྱོབ་པ་ཁྱོད་ལ་ཕྱག་འཚལ་ལོ། །
༣༢
གངས་རིའི་བརྡ་དག་རྒུད་པའི་ཚེ། །
བརྡ་ཡི་མེ་ཁ་གསོ་མཁས་པའི། །
ཁམས་ཀྱི་འབྲི་གུང་པ་ཞེས་གྲགས། །
མཁས་གྲུབ་ཁྱོད་ལ་ཕྱག་འཚལ་བསྟོད། །
༣༣
རྣམ་དཔྱོད་པདྨ་སྟོང་གི་འདབ། །
རབ་ཏུ་གྲོལ་བའི་མཛེས་སྡུག་འབར། །
མཁྱེན་བཟང་ཞིམ་མངར་འབྲས་བུ་ཡིས། །
ཀུན་ལ་བདེ་སྟེར་པ་ལ་འདུད། །
༣༤
ཁྱོད་ཐུགས་ལྷ་ལམ་ཡངས་བའི་ཚལ། །
ལེགས་བཤད་ཟླ་གཞོན་གསར་བ་ཡི། །
ཀུ་མུད་འདབ་མ་འཛུམ་པ་དེས། །
བློ་ལྡན་རྐང་དྲུག་དགའ་སྟོན་སྦྱིན། །
༣༥
སྲིད་པའི་སྐྱོན་གྱིས་མ་གོས་ཤིང་། །
ཐར་བའི་ཡོན་ཏན་ཀུན་རྫོགས་པའི། །
ཆོས་ཀྱི་འཇིག་རྟེན་གསུམ་མགོན་ཞབས། །
གུས་ཤིང་གསོལ་བ་ཡང་ཡང་འདེབས། །
ཞེས་ཆོས་མཛོད་དཔལ་དོན་གྲུབ་ཀྱིས་སྒྲུབ་བརྒྱུད་ནང་བསྟན་སློབ་གླིང་ཆེན་མོའི་དགའ་ཚལ་དུ་སྦྱར།
Leave a Reply