མཚན་མོའི་སྡེ།(ཞར་བཀོད་གཉིས)

       ༼དྲ་གྲོགས་གངས་དཀར་སྒྲོལ་མར་ཕུལ་བ། ༽

   གངས་ཆབ་སྔོན་མོ། (རྨ་ལྷོ)

བརྗིད་ཆགས་པའི་སྲིན་པོ་རྫ་རྒན།
ཡིད་འགྱུའི་འོག་རིམ་དུ་ཆུ་ཤེལ་གྱི་གོང་བུ་བཞིན་འཚེར་ཡོང་།
དྲོད་འཁྱགས་འཛིངས་པའི་དཔྱིད་ཉིན་གྱི་སོ་ཁ་རུ།
ཉིན་དང་མཚན་ལ་སྒོམ་མྱོང་བའི་ཞལ་རས་དེ་མི་འདུག

སྐབས་འདིར། ངའི་གདུང་བ་རབ་ཏུ་སྐྱོམས་ཡོང་།
ལམ་འགྲམ་གྱི་དཔྱིད་ལུག་བསྐ་བོ་དེ་དག་དང་འདྲ་བར།
ལུས་བོངས་སུག་བཞིས་མ་ཐེག་པར་གང་དུ་འཁྱོར་འགྲོའམ།

གློ་བུར་ཏུ། རླངས་འཁོར་དམ་སེར་བསྡད་དེ།
སྒེའུ་ཁུང་ལས་སྲིན་པོ་རྫ་འདབས་སུ་ཡང་ཡང་ཅེར།
སེམས་བྱུང་གི་བར་སྟོང་ལ་འཚངས་པ་དག་སོ་སོར་བདས་ཤིང་།
ཕྱོགས་བཅུར་དཀྲོལ་བའི་དྲན་པ་དང་སྙན་ངག་ཁོ་ནས།
ངའི་སྙིང་ལ་ལྕགས་མཛེར་མང་པོ་དྲག་ཏུ་བརྡབས།

ཨ་ཁ་ཁ། ཨོ་ཧོ་ཧོ།
སེམས་ངོས་སུ་ཡོམ་པ་མཐའ་དག
ཉེ་རྒྱང་གི་བར་ཐག་མེད་པར།
སྙན་ངག་གི་ངོ་བོར་འཐིམས་དུས།
ཡིག་འབྲུ་རེ་རེའི་སྤྱི་གཙུག་ཏུ།
ང་ཁོ་ན་སྨུག་སྤྲིན་གྱི་མེ་ཏོག་ལྟར་བཞད་ནས་རྙིད་ཟིན།

སྐད་ཅིག་མའི་རྒྱང་གཟིགས་ཀྱི་སྣེ་མོ་རུ།
སྐྱོ་ངལ་གྱི་ཕྱི་ནང་བར་གསུམ།
ཁ་བའི་འདབ་མ་རེ་རེར་གྱུར་ཅིང་།
དྭངས་གཙང་གི་ཁ་བའི་འདབ་མ་རེ་རེ།
སྲིན་པོ་རྫ་འདབས་སུ།
མེ་ཏོག་གི་ཟོལ་གྱིས་ག་སར་ལྡེམ།

ཁ་བའི་ཕང་བ་ནས།
ཡིད་འོང་གི་ཞལ་རས་ཤིག
ངའི་མིག་ལམ་དུ་ལྷོད་ཀྱིས་ཐོགས་བྱུང་བས།
དབང་མེད་དུ་ཤུ་རིང་ཐེངས་དགུ་བརྔུབ་དགོས་འདུག་ཨང་།

སྲོད་དུས་ཀྱི་ཚོར་ཤེས་འགགས་རྗེས།

ཉི་ནུབ་ཀྱི་མཚམས་སྤྲིན་རལ་བོས།
སེམས་ཀྱི་ཕྱི་ནང་སོ་སོར་བཀར་རྗེས།
ཚོར་ངད་སྐྱ་བོ་རི་བོའི་ཕ་མཐར་བདས།

ས་སྲོད་ཀྱི་ཡོལ་རས་སྟུག་པོའི་ངོགས་སུ།
ང་ལ་ཁ་དོག་དང་དབྱིབས་གཟུགས་མི་འདུག
ང་ལ་རི་བོ་དང་གཙང་བོ་མ་མཆིས།
ང་ལ་ང་རང་ཉིད་ལས་ཅི་ཡང་མི་འདུག

ལོ་ཟླ་མཐོ་རུ་བརྩེགས་པའི་བང་རིམ་དུ།
སྲོད་དུས་ཀྱི་ཚོར་བས་བཅུམས་པའི་ན་ཟུག་ཡོད་ཚད།
ཕ་ཡུལ་གྱི་པང་དུ་འཁྱིལ་བའི་རྔུལ་ཁྲག་འབའ་ཞིག་ཡིན།

དྲན་པ་མུན་པས་འགམས་རྗེས།

དོ་དགོང་།
ཁོ་བོར་ཅི་ཡང་མ་གསུངས་ཤིག
ཁོ་བོས།
མིག་ཆུས་མི་ངོ་བརྫད་ཀྱང་།
རི་ཁུག་གི་བུ་མོ་དེར་ཅིས་ཀྱང་བསྒུག་དགོས།

རང་ཉིད་ཀྱི་ཡན་ལག་དང་ནང་ཁྲོལ་དང་བཅས་པ།
ཁ་པར་ནང་ཕྱི་གསལ་ནང་གསལ་དུ་བླུགས་རྗེས།
འཇིག་རྟེན་ཁྲ་ཁྲ་འདི། ཐིག་ལེ་ཞིག་ཏུ་འགྱུར་རམ།

མདོར་དྲིལ་ཏེ་ཡང་ཡང་གླེང་ན།
སིམ་ཚོར་ངང་རྒས་ཀྱིན་པའི་ཞལ་རས་དག
དུས་ཚོད་ཀྱི་ལག་པས་ཡང་ཡང་འབྱི་ཐུབ་བམ།

དོ་དགོང་།
ཁོ་བོའི་སེམས་བྱུང་ནི།
གཞུང་རྐང་གཅིག་ལས།
སོ་སོར་གྱེས་འདྲའི་ཡལ་ག་དང་ཀུན་ནས་མཚུངས

སྐར་ཚོགས་སྔོན་པོ་ཞིག
རུས་རྐང་དུ་འཐིམས་ཡོང་།
བར་ཐག བདེན་རྫུན།
རི་རབ། མེས་པོ།
ཕྱི་ནང་། ཕ་སྐད།

གཅིག་བརྟེན་གྱི་ལས་བསོད་ཡོད་ཚད།
དོ་དགོང་གི་ཟླ་བ་ཕྱེད་ཀ་འདིས།
ཚེ་རབས་ལས་སུ་མཚོན་ནས་འདུག་ཨང་།

Be the first to comment

Leave a Reply

Your email address will not be published.


*