རྡོ་རྗེ་བཀྲ་ཤིས
དགེ་ལེགས་གཟི་བྱིན་རང་འབར་ཡེ་ཤེས་སྐུ༵།།
སྙན་འཇེབས་འགག་མེད་ཕན་བདེའི་བྱིན་མཆོག་གསུ༵ང།།
མཁྱེན་ཡངས་ཇི་སྙེད་ཆོས་ཀུན་གཟིགས་པའི་ཐུ༵གས།།
ཁྱབ་བདག་བླ་མའི་ཞབས་པད་སྲིད་མཐའ་བརྟན།།
པ༵ད་འབྱུང་སྤྲུལ་པའི་ཐུགས་ལས་འཁྲུངས་པའི་ལྷ།།
མ༵་འགག་གསལ་བ་རང་འཆར་ཆོས་ཀུན་རྟོགས།།
སྐ༵ལ་དམན་དུས་ཀྱི་སྙིགས་མའི་མཐའ་རོལ་དུ།།
བཟ༵ང་འདུས་ལེགས་པའི་ཁྱེད་ཉིད་བྱོན་པ་རྨད།།
མི་ཟད་ངག་གི་བདུད་རྩི་ཐོབ་པའི་གསུང་།།
མི་གཡོ་ཡེ་ཤེས་བློ་གཏེར་རིག་པའི་ཐུགས།།
མ་རིག་དུག་གསུམ་ཉོན་མོངས་འཇོམས་ནུས་པའི།།
མི་མཇེད་ཆོས་ཀྱི་བདག་པོ་བླ་མ་ལགས།།
ཟབ་གསལ་ཡེ་ཤེས་མཁྱེན་ཡངས་རིག་པའི་མཆོག།།
བློ་རྟུལ་རྨོངས་པ་འདུལ་བའི་ཤེས་སྟོབས་མངའ།།
ཕན་བདེའི་ལེགས་བཤད་མུན་འཇོམས་ཚ་ཟེར་ཅན།།
རིག་པའི་བློ་མཆོག་བླ་མ་ཁྱེད་ལས་སུ།།
དྲི་ཞིམ་ཆུ་སྐྱེས་མཛེས་ཀྱང་འདམ་ལས་འཁྲུངས། །
དབྱར་གྱི་མཛེས་སྡུག་རྨད་རུང་དུས་ཀྱི་ཆད།།
ཁྱབ་བདག་ཁྱེད་ཀྱི་བྱིན་ཕྲེང་དེ་ལྟར་མིན། །
སྒོ་གསུམ་གཅིག་ཏུ་དད་ཕྱིར་རྟག་ཏུ་མངའ། །
བློ་མཆོག་ཁྱེད་གསུང་མདངས་ཀྱི་ཟླ་བའི་བསིལ། །
དྭངས་གསལ་འོད་ཀྱིས་མུན་པའི་སྨག་ལས་ཐར། །
བསིལ་ཟེར་འོད་དེས་ཚ་གདུང་འཇོམས་ནུས་པའི། །
སྐལ་ལྡན་ཅན་རྣམས་འོད་ཀྱིས་བསིལ་བར་བྱས། །
གང་གི་ཡེ་ཤེས་ཀུན་འགྲོ་ཡོངས་འདུ་ཚལ། །
འཁྲུལ་བའི་མུན་འཇོམས་ཉིན་བྱེད་དྲི་བསུང་ཅན། །
ཕན་བདེའི་ལེགས་བཤད་འོད་དཀར་ཟེའུ་འབྲུའི་བཅུད། །
ཐོབ་པའི་གདུལ་བྱ་དག་གི་སྐལ་བ་བཟང་།
ཟབ་གསལ་ཡེ་ཤེས་རིག་པའི་མེ་སྟག་མཆེད།།
མཁྱེན་བརྩེའི་ཐུགས་བསྐྱེད་རྒྱ་མཚོའི་འཇིངས་བཞིན་ཟབ།།
དྲན་འཛིན་རྣོ་ངར་ཤེས་བྱའི་བཅུད་ཀྱི་མཛོད།།
བློ་གཏེར་སྨྱུག་ཁའི་རྩོམ་གྱི་རྦ་རླབས་འཕྱོ།།
མ་དག་རྨོངས་པ་འདུལ་བའི་གཟི་བྱིན་འབར།།
མཁྱེན་ཡངས་ཀུན་སྙོམས་ཕན་པའི་བྱམས་ཀྱིས་སྐྱོང་།།
སྲོལ་བཟང་རིག་གནས་ཆུ་རྒྱུན་སྤེལ་བའི་བློ།།
བྱམས་བརྩེའི་འོད་མདངས་ཀུན་ཁྱབ་བླ་མ་རྗེ།།
ཁོ་བོས་བློ་རྩེ་གཅིག་ཏུ་ཁྱེད་ཉིད་འདུད།།
ཡེ་ཤེས་བློ་མཆོག་གཟི་བྱིན་འབར་བའི་ཉིད།།
ཆོས་ཀྱི་ཉམས་རྟོགས་གསལ་བའི་ཕང་བ་ལས།།
འགྲོ་དྲུག་ཕན་བདེའི་སྐྱོང་བའི་གསུངས་དབྱངས་ཀྱིས།།
ཡིད་སྲུབས་སྙིང་དབུས་སྐལ་ངན་སྤྲིན་ནག་འཁྲིགས།།
བསྲེགས་པའི་ཚ་གདུང་དྲག་པོས་མ་གོས་ཞིང་།།
འཆར་ནུབ་སྒྲིབ་པའི་འཕྲུལ་གྱིས་མ་ཐེབས་པའི།།
གཟི་མདངས་རབ་ཏུ་བརྗིད་པའི་རྟ་བདུན་འདི།།
ཡིད་ཀྱི་ལྷ་ལམ་དབྱིངས་སུ་གསལ་བར་འཆར།།
Leave a Reply