སྒོ་ཡུ། (དཀར་མཛེས།)
མེ་ཏོག་ཟིལ་བ་ཁྲོམ་མེའི་སྤང་གཞུང་ན།།
ཡིད་འོང་རྐང་དྲུག་བུ་མོས་གར་ལ་རྩེན།།
སྣ་ཚོགས་ལྗོན་པ་སིལ་མར་ཐོར་བའི་ཚལ།།
ཁུ་ཡུག་ལྷང་ལྷང་དགྱེས་པའི་དུས་འདི་རྨད།།
ཆུ་ཕྲན་རི་མོ་བྲིས་པའི་མུ་མེད་ཐང་།།
སྐར་མའི་ཕྲེང་བ་ཐོར་བའི་ཡངས་པའི་མཁའ།།
འོད་དཀར་ཟླ་བའི་འཛུམ་པ་རྨད་བྱུང་བ།།
སེམས་ཀྱི་རྒྱ་མཚོ་ཀློང་ན་ངང་གིས་འཆར།།
ལྷོད་ཡངས་སྤྲིན་པ་སྲབ་མོ་བུལ་བུལ་གཡོ།།
གློག་གི་སྒྲོན་མ་ལྡེམ་པའི་གར་སྟབས་ཀྱིས།།
བདག་གི་ལྷ་ཡི་བུ་ཆུང་མཉེས་པར་མཛད།།
ཨེ་མ་སྣང་བའི་འཇའ་ཚོན་གསལ་ལེ་བཀྲ།།
རྒྱ་ཆེན་ནམ་མཁའ་བཀང་བའི་སྤྲིན་དཔུང་ལས།།
མཛད་མེད་རྒྱ་མཚོ་འཇོ་བའི་དབྱར་རྒྱལ་མོ།།
མཛེས་སྡུག་མེ་ཏོག་ཁ་བ་འབེབ་པ་ཡིས།།
སྐྱེ་དགུར་སྤྲོ་དགའི་ཉི་ཟླ་རྣ་ལོང་བརྒྱན།།
འཐས་ཤིང་བརྗིད་པའི་རྫ་རི་མཐོན་པོ་ཀན།།
སྨུག་དུད་རྐེད་པར་བཅིངས་ཏེ་རྒེའུ་ཁྱུ།།
སྒྲིབ་མེད་གཡུ་མཚོ་དྭངས་མའི་ཁ་ལ་ཉུལ།།
འཕག་ལྡིང་རྭ་རྩེད་པྲ་ཆལ་རྒོད་པོ་ཨ།།
བརྩེ་བའི་མགུར་གླུ་འཐེན་པའི་གཞོན་པའི་བུ།།
དུང་བའི་སྨིན་མ་གཡོ་བའི་ན་ཆུང་མ།།
ནོར་ལུག་ཆུ་ཆེན་འཁྱིལ་བའི་རྩྭ་ཐང་སྟེང་།།
ཞེ་མཐུན་ལག་གཉིས་སྦྲེལ་བའི་རྟེན་འབྲེལ་ཡག།
Leave a Reply