ཨ་མའི་ཕྱི་ནང་གསང་གསུམ།

ཤར་གྲོལ། ༼གཡུ་ཁོག༽

བརྩེ་བའི་ཕྱག་ཟུང་དལ་ཁོམ་མེད་པའི་མ།།
འཛུམ་མདངས་དྲོན་མོ་ཡལ་མྱོང་མེད་པའི་མ།།
སྨུག་སྤྲིན་ཀློང་ནས་ནོར་ནག་སྲུང་བའི་མ།།
དཀའ་སྡུག་ཁྲོད་ན་སེམས་ངལ་ཆེ་བའི་མ།།

མ་ཡི་མི་ཚེའི་འདུ་བྱེད་ཕྲ་མོ་དེ།།
མ་ཡི་ལང་ཚོའི་མེ་ཏོག་དཀར་པོ་དེ།།
མ་ཡི་སེམས་རྒྱུད་གཙང་མོའི་ཁ་བཏགས་དེ།།
མ་ཡི་ཡོད་ཚད་ཕུལ་བའི་གཏོང་ཕོད་དེ།།

ཆར་དང་འཇའ་ཡི་གུར་ཁང་ཕུབ་སའི་མ།།
ཙག་དང་སེར་བུའི་གྲང་ངར་ངོམ་སའི་མ།།
བུ་རྒྱུད་མང་པོའི་སེམས་པ་ཀླན་སའི་མ།།
ཁེངས་ར་གཏན་ནས་བྱེད་མྱོང་མེད་པའི་མ།།

མ་ནི་འགྲོ་བ་ཀུན་གྱི་བདག་མོ་ཡིན།།
མ་ནི་བྱམས་དང་བརྩེ་བའི་འབྱུང་གནས་ཡིན།།
མ་ནི་རྒུད་པ་གསོ་བའི་སྨན་མཆོག་ཡིན།།
མ་ནི་བཀྲེས་སྐོམ་སེལ་བའི་ཟས་བཏུང་ཡིན།།

ལག་ཟས་ཞིམ་པོ་རྟག་ཏུ་སྐོལ་བའི་མ།།
མལ་ས་དྲོན་མོ་རྒྱུན་དུ་བཅའ་བའི་མ།།
བྱ་བྱེད་ཀུན་ལ་བྱིན་རླབས་ཆགས་པའི་མ།།
རྒྱལ་ཀུན་བསྐྱེད་པའི་མཐུ་སྟོབས་ཆེ་བའི་མ།།

མ་ཡི་སེམས་ཚེགས་མྱོང་པའི་སེམས་པ་དེ།།
མ་ཡི་དཀའ་སྡུག་མྱོང་བའི་ལུས་སེམས་དེ།།
མ་ཡི་མཛུམ་མདངས་ཚེས་པའི་ཞལ་བཟང་དེ།།
མ་ཡི་མི་ཚེའི་མྱོང་བ་སྣ་ཚོགས་དེ།།

དམ་པའི་ཆོས་ལ་དད་པ་ཆེ་བའི་མ།།
ཕྲ་མོའི་ལས་འབྲས་མིག་བཞིན་སྲུང་བའི་མ།།
ཁ་འདོན་དགེ་སྦྱོར་རྒྱུན་ཆད་མེད་པའི་མ།།
ན་ཚ་ཕྲན་བུས་གཏོང་མྱོང་མེད་པའི་མ།།

མ་ཡི་དྲིན་གཟོ་འདོད་པ་སྟོང་བསམ་སྟེ།།
མ་ཡི་དྲིན་འདི་འཇིག་རྟེན་ཐེགས་པར་དཀའ།།
མ་ཡི་ཡོད་ཚད་བཏང་པའི་སེམས་པ་དེ།།
མ་ཡི་བུ་ལ་གནང་བའི་བྱམས་བརྩེ་ལགས།།

རེ་བཞག་ཀློང་ནས་ཕྱིར་མིག་བལྟ་བའི་མ།།
ཡིད་ཆེས་ཟབ་མོ་བཅིངས་པའི་སེམས་བཟང་མ།།
འཁོར་བའི་དཀའ་ངལ་ཁོག་ཏུ་མིད་པའི་མ།།
འགྲོ་དྲུག་ཀུན་ལ་བྱམས་སེམས་ཆེ་བའི་མ།།

མ་ནི་རི་ལ་སོང་བའི་རིམ་ན་ཡོད།།
མ་ནི་བས་མཐར་ཉུལ་བའི་སྲུང་མ་ཡིན།།
མ་ནི་ཁྱིམ་ན་ལུས་པའི་མདུན་ན་ཡོད།།
མ་ནི་སློབ་གྲྭར་སོང་བའི་དཔེ་ཁུག་ཡིན།།

མཐོ་རྒྱུགས་སྐབས་སུ་སྐུ་རིམ་སྒྲུབ་པའི་མ།།
རྒྱུགས་སྐར་དོན་ལ་སེམས་ཚེགས་ཆེ་བའི་མ།།
རྒྱུགས་སྐར་མཐོ་ན་སྤྲོ་སེམས་རྒྱས་པའི་མ།།
སློབ་གྲྭ་ཡག་ན་སྟ་གོན་བརྒྱུད་པའི་མ།།

མ་ནི་རིང་ནས་བརྩེ་བའི་དྲིན་ལྡན་ཡིན།།
མ་ནི་འགྲོ་དྲུག་སེམས་ཅན་ཀུན་པོ་ཡིན།།
མ་ནི་ཕར་ཕྱིན་བསླབ་པའི་གཞི་རྟེན་ཡིན།།
མ་ནི་དགེ་འབྲས་བསྔོ་སའི་ཕུགས་ནོར་ཡིན།།

སྦྱིན་པའི་ཕར་ཕྱིན་ཡོངས་སུ་རྫོགས་པའི་མ།།
ཉེས་སྤྱོད་ཚུལ་འཆལ་ཡོངས་སུ་སྡོམ་པའི་མ།།
དཀའ་ཐུབ་བཟོད་པ་ཉམས་སུ་ལེན་པའི་མ།།
བརྩོན་སོགས་ཕྱིན་དྲུག་ཡོངས་རྫོགས་མཐར་ཕྱིན་མ།།

མ་ནི་ལེགས་ཚོགས་འབྱུང་བའི་གཞི་མ་ཡིན།།
མ་ནི་ཚོགས་གཉིས་བསག་སའི་ཞིང་ས་ཡིན།།
མ་ནི་སྡུག་ཀུན་གཉིས་ཀྱི་རང་མཚང་ཡིན།།
མ་ནི་འགོག་ལམ་བསྐྱེད་པའི་དངོས་རྒྱུ་ཡིན།།

ཀུན་ཏུ་བཟང་མོ་རྒྱལ་ཀུན་བསྐྱེད་པའི་མ།།
འགྲོ་དྲུག་སེམས་ཅན་ཀུན་བཟང་བསྐྱེད་པའི་མ།།
སྣ་ཚོགས་རོལ་གར་གར་དུ་རྩེན་པའི་མ།།
སྒྱུ་འཕྲུལ་རྩལ་བརྒྱ་རྫོགས་པའི་རྗེ་བཙུན་མ།།

ནམ་ལངས་མ་ཐག་ཉི་མ་ཤར་དང་ཉི་མ་ནུབ་པ་དང་སྐར་ཚོགས་གསལ་བའི་ལྷིང་འཇགས་ཀྱི་འབྲོག་སྡེ་ཞིག་ཏུ་མ་དྲིན་མོ་ཆེའི་བྱམས་བརྩེ་དྲོད་ཁོལ་དང་བསྡོངས་ཏེ་སྦྲ་སྨུག་པོ་ཀ་ལྔ་པའི་འདབས་སུ་སྦྱར།

Be the first to comment

Leave a Reply

Your email address will not be published.


*