མེས་པོའི་མཁར་རྫོང་།

གྱིན་འདའ་བ། ཁྲི་འདུ།

ལྷ་གཅི༵ག་ཕྱག་ན་པད་མོའི་འདུལ་བྱ་ཡི་ཞིང་འདིར།།
ལུགས་གཉི༵ས་མངའ་ཐང་དར་བའི་ཡང་རྩེ་རུ་སོན་དུས།།
སྲིད་གསུ༵མ་དབང་དུ་འདུ་པའི་རྟེན་འབྲེལ་གྱི་ཆེད་དུ།།
ཕྱོགས་བཞི༵་ཟིལ་གྱིས་གནོན་པའི་ཕོ་བྲང་འདི་བཞེངས་ཡོད།།

མི༵་ཟིན་ལོ་ཟླའི་འཕེལ་འགྲིབ་འབེལ་པོ་ཡི་ཁྲོད་ནས།།
མི༵་འདོད་ལོ་རྒྱུས་མཁར་རྫོང་གོག་རལ་དུ་གྱུར་ཀྱང་།།
མི༵་འགྱུར་བརྟན་པོར་འགྱིང་བའི་མེས་པོ་ཡི་ཕ་མཁར།།
མི༵་ནུབ་སྲིད་མཐའི་དབར་དན་རྟགས་སུ་བཞུགས་ཤིག།

སྡེར་ལྔ༵འི་ཁྲི་ལ་འགྱིང་བའི་མེས་པོ་ཡི་ཚོགས་ཀྱི།།
ཚོགས་དྲུ༵ག་རྣམ་ཤེས་རེ་རེ་འདི་ཉིད་ལ་འཐིམས་པས།།
ནོར་བདུ༵ན་མཛོད་ཀྱིས་གཏམས་པའི་ཕ་གཞིས་ཀྱི་ར་བ།།
ལོ་བརྒྱ༵ད་རིགས་མྱུག་ཡན་གྱིས་གཅེས་འཛིན་དུ་གལ་ལོ།།

ཕ༵་མེས་སྲོག་གིས་བསྐྲུན་པའི་ལོ་རྒྱུས་ཀྱི་རྡོ་རིང་།།
ཕ༵་རྗེས་བུ་རབས་དོད་དུ་ཀྲོང་ངེ་རུ་འགྱིང་བའི།།
ཕ༵་ས་གངས་རིའི་ལྗོངས་ཀྱི་ཆོས་སྲིད་ཀྱི་ཕོ་བྲང་།།
ཕ༵་རབས་བརྒྱུད་པས་སེམས་མིག་ཅེར་ས་དེ་ཁྱོད་ཡིན།།

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*