གྱིན་འདའ་བ།
དབེན་ཐིང་ཐིང་ཡིན་པའི་རི་སུལ་གྱི་ཞོལ་ནས།།
བྱ་བྱེའུའི་མགྲིན་དབྱངས་ཐོས་འཛིན་དུ་ལྷུང་ཞིང་།།
ཆུ་ཏིག་ཏིག་ཐིགས་སྒྲ་ཁོལ་མ་ནས་གཟན་པས།།
འཁྱག་ལྷང་ལྷང་ཡིན་པས་ཚོར་བ་ཞིག་སློང་སོང་།།
སྤྲིན་ཐར་ཐོར་ཙག་གི་གཤེད་ཁ་རུ་གྱུར་ཞིང་།།
ལམ་གྱ་གྱུའི་འཁྲིས་ཀྱི་འདབ་རྙིད་དག་མཐོང་བས།།
གཞིས་ཆུང་ཆུང་ནང་དུ་རྒྱལ་སྲས་བཞིན་རོལ་ཡང་།།
ཁོག་འདར་འདར་དབར་ནས་དངན་པ་ཞིག་ཤོར་སོང་།།
སྨུག་གྱར་གྱུར་གཡོ་བའི་ན་བུན་གྱི་གསེབ་ནས།།
འོད་མག་མོག་འཚེར་བའི་དྲོད་ཁོལ་དེ་རེག་ཀྱང་།།
རླུང་བསིལ་བསིལ་རྫི་ཡི་རེག་བྱ་དེ་མྱོང་ཚེ།།
གྲང་ཅང་ཅང་ཕོག་པས་ཁོག་འདར་ཞིག་འཆོར་སོང་།།
རི་ལ་ལུང་སྟོན་ཁའི་གསེར་ཞུན་གྱིས་གཞགས་ཏེ།།
ཆར་ཟམ་ཟིམ་མུ་ཏིག་རྩྭ་ལྗང་གིས་སྤ་དུས།།
སྤྲིན་ལང་ལོང་འདུ་འགོད་བྱང་རླུང་གིས་བདས་པས།།
སེམས་བྱུལ་བྱུལ་འདོད་པའི་སྣང་བ་ཞིག་སྐྱེས་སོང་།།
རྫ་རོག་རོག་རྩེ་མོར་སྨུག་ཆར་གྱིས་བསིང་ཞིང་།།
ལམ་འཁྱག་འཁྱོག་སྣེ་མོར་ན་བུན་གྱིས་དཀྲིགས་དུས།།
ཆུ་ག་གུག་ཁུགས་སོར་ཆར་ཟིལ་གྱིས་སྦངས་བས།།
སྐྱོ་སང་སང་ཡིན་པའི་ཤུགས་རིང་ཞིག་ཤོར་སོང་།།
སེམས་དམར་དམར་འཁྲེང་སའི་དབྱར་གསུམ་གྱི་ཁུ་ལོ།།
ཞེ་མཐུན་མཐུན་ཡིན་རུང་སྟོན་ཟླ་ཡི་བུ་མོས།།
དུས་ཚབ་ཚུབ་ངང་ནས་གྲང་ལྷག་གིས་བྲིད་པས།།
ཞེ་སྨྲེང་སྨྲེང་ཡིན་པས་གངས་ཆར་གྱིས་གཙེས་སོང་།།
མདོག་སེར་སེར་ཡིན་པའི་སྟོན་གཞུང་གི་འདབ་ལོ།།
ཕྱོགས་ངེས་ངེས་མེད་པར་བྱང་རླུང་གིས་བདས་དུས།།
སེམས་གཅོང་གཅོང་ཡིན་པའི་ཕོ་རེང་གི་དྲན་པར།།
ཚེ་བརྟན་བརྟན་མེད་པས་ཉམས་སྣང་ཞིག་སྟེར་སོང་།།
དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།