ཨ་མ་གངས་རིའི་སྒྲོལ་མ།

                                                         ཁངས་མ། ཡུལ་ཤུལ།

མཐའ་ཡས་མཛེས་པས་རབ་སྤུད་གངས་ཀྱི་ཕྲེང་། །
འབུམ་ཕྲག་བསྟར་བའི་དབུས་སུ་འཕྲོག་བྱེད་ཀྱི། །
སྒེག་པའི་དཔལ་ལ་འགྲན་ཕོད་མཚར་སྡུག་ཅན། །
སྲིད་པའི་ཁྱོན་ཡངས་འདི་ནས་ཁྱོད་ལས་དབེན། །

བྱམས་བརྩེས་རབ་ཕྱུག་ཞི་བའི་སྐྱོང་བྱེད་མཁན། །
ཉིད་གཤིས་རབ་འཇམ་བལ་དཀར་སོ་མ་བཞིན། །
རྩུབ་གཏམ་ནག་ཐིག་ཕྱོགས་ཙམ་མ་འདྲེས་པར། །
སྲིད་པའི་ནགས་ཀླུང་འདི་ནས་དཀར་སང་སང་། །

ལྷགས་པས་གདུང་བའི་ཤོག་བྱ་གཤོག་ཆད་ལྟར། །
ལས་རླུང་བཙན་པོས་གང་སར་ཟགས་པའི་དུས། །
མ་འཛེམས་སྙིང་རྗེས་པང་དུ་ལེགས་བླངས་ནས། །
ལང་ཚོས་ལང་ཚོ་གསོ་བའི་དཔའ་མཛངས་ཅན། །

ཉམས་བརྗིད་གསར་བའི་ལང་ཚོའི་ཆུ་ཐིགས་ལ། །
ཡིད་འགུལ་འཐེབས་པའི་ཕྱོཊ་ཀྱི་ཡིད་ཅན་ཚོགས། །
ཕམ་བྱས་བསིལ་ལྗོངས་འཛིན་མའི་སྐྱེད་ཚལ་དུ། །
སྙིང་རྗེའི་གེ་སར་འཛིན་པའི་པད་དཀར་བཞིན། །

འཛུམ་པའི་བཞིན་ལ་བྱུ་རུའི་མདངས་ཀྱིས་སྤུད། །
སྨུག་ཆུང་སྐྲ་ཞགས་པད་མའི་འདབ་ཕྲེང་བཞིན། །
རྒོད་པའི་གྲངས་ཀྱིས་མི་མཚོན་བྱམས་པའི་ལས། །
མཐའ་མེད་མངའ་བའི་མི་མོ་སྲིད་འདིར་མཚར། །

ཞལ་མདངས་ཨུཏྤལ་འཛུམ་པའི་རླབས་ཕྲེང་ལ། །
ལྷགས་ངར་དུག་རླུང་བཙན་པོས་མ་འཇབ་པར། །
ཡིད་འཕྲོག་སྒེག་པའི་དཔལ་འཛིན་སྐྱོང་བྱེད་མ། །
རབ་མཛེས་གངས་དཀར་རི་བོའི་ཚལ་ན་བཞད། །

སྣ་ཚོགས་ཚོན་གྱིས་དབེན་པའི་ལང་ཚོའི་དཔལ། །
རྒུད་མེད་དབྱར་གྱི་ཕུན་ཚོགས་རྒྱས་རང་བཞིན། །
སྒེག་པའི་ཉམས་བརྒྱས་ཕྱུག་པའི་ཨུཏྤལ་དཀར། །
ཁྱོད་ཉིད་ཡོངས་སུ་བྱས་ཏེ་ལྗོངས་འདིར་འཛུམ། །

 

གཟུགས་བྱད་འཁྲི་ཤིང་ལྡེམ་པའི་ལུས་སྟབས་ནི། །
ཉིན་བྱེད་སྟོང་གིས་འཁྱུད་འདྲ་རབ་སྒེག་ཅིང་། །
མཐའ་ཡས་མཛངས་མའི་མུ་ཏིག་ཕྲེང་བའི་གྲལ། །
མཆོག་ཏུ་བརྩེ་བས་སྐྱོང་བའི་ཡིད་འཕྲོག་མ། །

དྭངས་གཙང་ཁ་བའི་འདབ་བརྒྱ་རྒོད་པའི་ཚལ། །
ལྷོད་མེད་ལས་གར་སྒྱུར་བའི་བྱད་དམར་ཅན། །
ལྷག་བསམ་གྲིབ་བསིལ་སྟོང་གི་དཀྱུས་རིང་འོག །
གསར་སྐྱེས་དྲུག་ལྡན་གཞོན་ནུ་བརྩེ་བས་བསྙལ། །

མི་མཐུན་ཧ་ལའི་དུག་རླངས་འབུམ་ཚོགས་ཀྱིས། །
འཐག་པའི་སེམས་མེད་བུ་ཆུང་སྙོར་བའི་གཉེན། །
ཁྱོད་ཀྱིས་བརྩེ་དགས་འཁྱུད་པའི་བྱམས་པའི་ཞེ། །
གཡའ་དག་གསེར་ཞུན་འབུམ་གྱིས་ཁུག་མ་ཡིན། །

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*