(ཚན་པ་དང་པོ། ནང་པའི་ཆོས་དར་གྱི་སྐོར།) མུ་འགོད། ༡
རྩོམ་པ་པོ། དགེན་སྐལ་བཟང་རྒྱ་མཚོས།
༡] ཐོག་མའི་སེམས་བསྐྱེད།
ཤེས་བྱའི་གནས་ཡིན་རུང་ཆོག ཤེས་བྱེད་ཀྱི་བློ་ཡིན་ཡང་རུང་། མདོར་ན། མུན་ནག་ལྟ་བུའི་མ་ཤེས་པ་རེ་རེ་ནི། དངོས་དང་བརྒྱུད་ནས་སྡུག་བསྔལ་རེ་རེ་ཡིན་པ་བཞིན། སྒྲོན་མེ་ལྟ་བུའི་ཤེས་རབ་རེ་རེ་ནི། གནས་སྐབས་དང་མཐར་ཐུག་གི་དོན་གཉིས་སྒྲུབ་ཐུབ་པའི་འོད་ཀྱི་ལམ་བུ་ཅིས་མ་ཡིན།
ཤེས་རབ་དང་བྱམས་བརྩེའི་བདག་ཉིད་སྟོན་པ་ཤཱཀྱ་ཐུབ་པའི་རྗེས་སུ་སློབ་པ་ཞིག་ཡིན་ཕྱིན། དམིགས་ཡུལ་གཙོ་བོ་ཐར་བ་དང་ཐམས་ཅད་མཁྱེན་པའི་གོ་འཕང་སྒྲུབ་དགོས་ལ། དེའི་ཆེད་དུ་མདོ་སྔགས་ཀྱི་ལམ་བཟང་སྤྱི་དང་། ཡང་སྒོས་ཐབས་རིགས་སྣ་ཚོགས་པའི་སྒོ་ནས་མ་རིག་པའི་རྒྱ་མཚོ་བརྒལ་མི་དགོས་ཞེས་སུ་ཞིག་སྨྲ།
འོན་ཀྱང་དེ་རིང་འདིར་གླེང་བར་བྱ་བ་ནི། ཟབ་པ་དང་རྒྱ་ཆེ་བའི་ཆོས་ཀྱི་རྣམ་གྲངས་ཅི་ཡང་མ་ཡིན་པར། མིག་སྔར་ནང་པའི་ཡུལ་གྲུ་གང་སར་ས་ཁྱབ་རྡོ་ཁྱབ་ཏུ་ཡོད་པའི་ནང་བསྟན་ཆོས་ལུགས་ཀྱི་དར་ཆའི་སྐོར་ཡིན་ལ། དེ་ནི་ནང་པའི་གནས་སྐོར་བ་སྤྱི་དང༌། ལྷག་པར་དུ་ཐེ་ལནྜི་དང་། འབར་མ། ཤྲི་ལིངྐ་དང༌། ཨིན་ཌི་ནེ་ཤ་ཡ། བཱེཏིནམ། བྷང་ལ་དཱེཤཱི་སོགས་ལྷོ་རྒྱུད་གནས་བརྟན་སྡེ་པ་རྣམས་སྟོན་པའི་གདན་ས་ཁག་ཏུ་གནས་སྐོར་ལ་ཕེབས་སྐབས་ཆོས་དར་ཕྱག་ཏུ་འཁྱེར་ནས་འགྲོ་སྲོལ་ཡོད་ནའང་། རང་རེ་བོད་པ་ཚོས་ནི། དར་ཆའི་མཚོན་དོན་མ་ཤེས་པས་ལན་ནམ། རིགས་ཞེན་ཆེ་དྲགས་པས་ཡིན་ཅི་ཆ་སྟེ། ཆོས་བརྒྱུད་བྱེ་བྲག་པ་མཚོན་བྱེད་ཀྱི་དར་ཆ་ངོམས་སོ་བྱེད་པ་ལས་ནང་པ་སྤྱིའི་ངོས་འཛིན་ལྡན་པའི་ཆོས་དར་འདི་ཉིད་དབུ་ཐོག་ཏུ་བསྒྲེངས་ཤིང་། ཕྱག་ཏུ་འཁྱེར་མཁན་ཅུང་ཉུང་བར་སྣང་། ཁོ་བོས་སྔ་མོ་ནས་གྲོགས་པོ་འགར་དར་ཆ་འདིའི་མཚོན་དོན་ཅི་ཡིན་དྲིས་མྱོང་ནའང༌། རང་ཉིད་སྐད་ཡིག་གཞན་ལ་རྒྱུས་མངའ་མེད་པས་ཁུངས་ལྡན་གྱི་ལན་གསལ་པོ་ཞིག་མ་རྙེད་པར་ལུས། འོན་ཀྱང་ཉེ་ལམ་པཱ་ལའི་སྐད་ཡིག་ནས་བོད་བསྒྱུར་བྱས་པའི་སངས་རྒྱས་ཀྱི་རྣམ་ཐར་ཞིག་མཇལ་བ་དེའི་ནང་དར་ཆ་ངོ་སྤྲོད་གནད་བསྡུས་ཤིག་ཡོད་པ་དེ་ཉིད་གལ་ཆེའི་རྒྱུན་ཤེས་ཤིག་ལ་བརྩིས་ཏེ་འདིར་བྲིའོ།།
༢] ཆོས་དར་གྱི་མཚོན་དོན།
རྣམ་ཐར་དེ་ལས། སངས་རྒྱས་ཀྱི་སྐུ་གཟུགས་ཀྱི་ཡོན་ཏན་ཤིན་ཏུ་རྣམ་པར་དག་པས། ཁོང་གི་སྐུ་གཟུགས་ལས་ཚོན་མདོག་མི་འདྲ་བ་རྣམ་པ་དྲུག་སྟེ། དཀར་པོ་དང་སེར་པོ། དམར་པོ་དང་སྔོན་པོ། དམར་སེར་དང་འདྲེས་མ་ལས་གྲུབ་པའི་འོད་ཟེར་རྣམ་པ་དྲུག་འཕྲོས་པར་གྱུར། དེས་ན་དེང་གི་དུས་སུ་འུ་ཅག་ནང་པའི་དར་ཆ་ལའང་ཁ་དོག་མི་འདྲ་བ་དྲུག་འབྲི་བ་འདིས་སངས་རྒྱས་ཀྱི་འོད་ཟེར་དག་མཚོན་པར་བྱེད་པ་ཡིན་ནོ། ། ཞེས་དང༌། འདི་ནི་འོད་ཟེར་རང་ག་བ་ཞིག་མ་ཡིན་པར་དེ་དག་གིས་སངས་རྒྱས་བཅོམ་ལྡན་འདས་ཀྱི་རྣམ་པར་དག་པའི་ཡོན་ཏན་རེ་རེ་མཚོན་པར་བྱེད་དེ། དཔེར་ན། དཀར་པོས་དག་པ་དང༌། སེར་པོས་བསོད་ནམས། དམར་པོས་ཤེས་རབ། སྔོན་པོས་སྤོབས་པ། དམར་སེར་གྱིས་ཆགས་མེད། དེ་རྣམས་འདྲེས་མས་སངས་རྒྱས་ཀྱི་ཡོན་ཏན་གཞན་རྣམས་མཚོན་པར་བྱེད་པ་ཡིན་པས། འུ་ཅག་གིས་ཀྱང་ལུས་སེམས་ཀྱི་ངོ་བོ་གོང་འཕེལ་དུ་བཏང་སྟེང་སེམས་ཀྱི་གནས་ཚད་མཐོར་འདེགས་བྱས་ན་འོད་ཟེར་དེ་དག་རང་བཞིན་གྱིས་འབྱུང་བར་ངེས་སོ། ། ཞེས་གསུངས་ཡོད། གཞན་ཡང་། སྔོན་པོས་སྙིང་རྗེ་དང་། ཞི་བདེ། སེར་པོས་སྟོང་ཉིད་དོན་རྟོགས་དང་། མངོན་པར་རྫོགས་པ། དམར་པོས་ཚོགས་གཉིས་དང་། བཀྲ་ཤིས་དཔལ་འབར། དཀར་པོས་ཐར་པ་དང་། ཐམས་ཅད་མཁྱེན་པ། ལི་ཁྲིས་ཆོས་ཀྱི་ངོ་བོ་དང་གཉིས་མེད་ཡེ་ཤེས་མཚོན་ཚུལ་སོགས་འགྲེལ་ཚུལ་མང་།
ཚུལ་ཁྲིམས་ཡང་དག་པར་ལྡན་པའི་མདོ་ལས་ཀྱང་། ཚུལ་ཁྲིམས་ལྡན་པའི་དགེ་སློང་འོད་དང་ལྡན།། ཚུལ་ཁྲིམས་ལྡན་པ་གྲགས་པ་བདེ་བ་ཐོབ།། ཅེས་སོགས་གསུང་ཚུལ་ནི་ཆོས་གྲྭ་འགྲིམ་མྱོང་བའི་བསྡུས་གྲྭ་བ་ཚུན་གྱི་ངག་ལ་བྱང་ནས་ཡོད་ཅིང་། སྔོན་གྱི་ལོ་རྒྱུས་ཁྲོད་དུའང་སངས་རྒྱས་ཀྱིས་སྐུ་གཟུགས་ལ་འགྲོ་བ་ཐུན་མོང་གིས་མཐོང་བྱར་གྱུར་པའི་འོད་འདོམས་གང་ཡོད་པའི་ཤེས་བྱེད་ཅིང་ཡོད་དེ། རིག་རལ་གྱི་རྡོར་གདན་རྣམ་བཤད་ལས། བྲམ་ཟེའི་བུ་གསུམ་གྱི་མཛད་པ་བཤད་པའི་སྐབས་སུ། བུ་ཆུང་བས་རྨི་ལམ་ལྟར་ཆུ་བོ་ནེར་ཛནཱའི་འགྲམ་གྱི་བྱེ་མའི་འོག་ནས་ཙནྡན་གོརཤི་བླངས་ཏེ། སྲས་སུམ་སྟོང་བྲམ་ཟེ་མོ་གཙང་མ་བདུན་གྱིས་རྡོ་རྗེ་གདན་དུ་བདར་ནས་རིན་པོ་ཆེའི་བྱེ་མ་སྣ་ཚོགས་དང་སྤོས་ཀྱི་དྲི་བཟང་བཅས་ཞག་བདུན་བྱང་ཆུབ་ཤིང་དྲུང་དུ་བཞག་པ་ན། བྲམ་ཟེ་མོ་དེས་སྐུ་འདི་སངས་རྒྱས་དང་འདྲ་མིན་ང་མིན་པ་སུས་ཀྱང་མི་ཤེས་གསུངས་ཏེ་བལྟ་སྐབས།
མ་དེ་ན་རེ།
སངས་རྒྱས་གཙུག་ཏོར་བལྟར་མི་མངོན་པ་ལ་འདི་ལ་མངོན་པ་དང༌།
སངས་རྒྱས་ལ་འོད་འདོམ་པ་གང་ཡོད་པ་ལས་འདི་ལ་མེད་པ་དང༌།
སངས་རྒྱས་ལ་བཞེངས་བཞུད་བཞུགས་གཟིམ་གྱི་སྤྱོད་ལམ་ཡོད་པ་ལས་འདི་ལ་བཞུགས་པ་ལས་མེད་པ་དང༌།
ཆོས་གསུང་མི་གསུང་མ་གཏོགས་ཤིན་ཏུ་འདྲའོ་ཟེར་ཞེས་བྱུང་བ་དང༌། རྒྱ་གར་དང༌། སིངྒ་ལ་སོགས་ནས་བྲིས་པའི་སྟོན་པའི་སྐུ་བརྙན་དག་ལ་ཡང་འོད་ཀྱི་ངོ་བོ་མཚོན་པའི་གསེར་མདོག་སྒོར་སྒོར་མོ་ཞིག་འབྲི་སྲོལ་ཡོད་པ་དང་། ཉེ་བའི་ལོ་ཤས་གོང་རྒྱ་གར་ནས་འཁྲབ་སྟོན་བྱས་པའི་སངས་རྒྱས་ཀྱི་རྣམ་ཐར་འཁྲབ་གཞུང་རིང་མོ་ལེའུ་གྱ་བཞི་ཅན་དེའི་ནང་དུ་ཡང་། སྐབས་མང་པོར་དབུ་ལ་གསེར་འོད་འཕྲོ་བ་དེས་ཀྱང་སངས་རྒྱས་ལ་འོད་ཀྱི་རང་བཞིན་ཐུན་མོང་མ་ཡིན་པ་ཞིག་ཡོད་པའི་དོན་འདི་ཉིད་ཀྱི་ཤེས་བྱེད་ཡིན་སྙམ་པ་ནི་ཁོ་བོའི་རྨོངས་འཆར་རོ། །
༣] ཆོས་དར་གྱི་བྱུང་བ་དངོས།
འོན་ཀྱང་བོད་ཀྱི་ཕྱིས་འབྱུང་གི་གནས་ཡིག་རྣམས་སུ་ཆོས་དར་འདིའི་སྐོར་གསལ་ཁ་བཏོད་པ་མ་མཇལ་ཞིང༌། དར་ཆ་འདི་ཉིད་མི་སྒེར་དང་ཚོགས་པ་སུ་ཞིག་གིས། ཡུལ་གང་དུ། དུས་ནམ་ཞིག་ལ་གསར་བཟོ་བྱས་མིན་ཡང་མི་གསལ་བས། འདིར་དེའི་སྐོར་ཅུང་ས་བོན་ཙམ་ཞུས་ན། ནང་པའི་དར་ཆ་འདི་ཉིད་ནི། ཕྱི་ལོ་ ༡༨༨༠ ལོར་ནང་པའི་རྒྱལ་ཁབ་ཤྲཱིལིངྐའི་རྒྱལ་ས་ཀོ་ལིམ་བོའོ་ Colombo Committee ནང་པའི་ལྷན་ཚོགས་ཀྱིས་གསར་བཟོ་བྱས། ལྷན་ཚོགས་འདིར་ནང་བསྟན་སླར་གསོའི་ཐད་ཧ་ཅང་བཀའ་དྲིན་ཆེ་བ་དགེ་བསྙེན་དྷརྨཔལ་ཡང་བཞུགས། དུས་ཕྱིས་ཨ་རིའི་གསར་འགོད་པ་ཞིག་གིས་བསམ་ཚུལ་བཏོན་པ་ལྟར་དར་ཆའི་ཚད་ཀྱང་རྒྱལ་དར་དང་མཚུངས་པ་བྱས་ཐོག ཉི་ཧོང་གི་རྒྱལ་པོ་དང་། འབར་མའི་རྒྱལ་ཁབ་སོགས་སུ་ངོ་སྤྲོད་དང་འབྲེལ་ལེགས་སྐྱེས་སུ་ཕུལ། ཕྱི་ལོ་ ༡༨༨༥ ལོར་ཀོ་ལིམ་བྷོའི་གཙུག་ལག་ཁང་གི་མཛད་སྒོར་ཐོག་མར་སྒྲེང་འཛུགས་བྱས། ཕྱི་ལོ་ ༡༩༥༢ ལོར་རྒྱལ་ཁབ་དེར་འཚོགས་པའི་འཛམ་གླིང་ནང་པའི་ལྷན་ཚོགས་ ( the world fellowship of Buddhist WFB ) ཀྱི་ཚོགས་ཆེན་ཐོག་ནང་པའི་དར་ཆར་གཞུང་འབྲེལ་གྱིས་གཏན་འབེབས་གནང་བ་ཞིག་ཡིན།
ལར་ནས་གཏམ་རྒྱུད་གསེར་ཐང་ལས། སི་ཏུ་པཎ་ཆེན་གྱིས་བལ་ཡུལ་ནས་ “ ལྟ་ཟུར་དཀུ་ ” ཞེས་པའི་དོན་གཅིག་པུར་ཡུན་རིང་དཔྱད་ཞིབ་མཛད་པ་དེས་ཁོ་བོར་ཡང་རྒྱ་གར་གྱི་འབྲས་ལྡན་ལྗོན་ཤིང་གི་རིགས་རྣམས་ལ་ཞིབ་ཏུ་དཔྱོད་པའི་སྤོབས་པ་ཐོབ་ཅེས་དགེ་ཆོས་ཀྱིས་འོ་ཅག་ལ་གསུངས་པ་ལྟར། བདག་གིས་ཀྱང་དགེ་ཆོས་ཀྱིས་གསུང་དེ་ཉིད་ཡིད་ལ་བཅངས་ཏེ་གནད་དོན་ཆུང་ཚག་འདི་ཉིད་ཁྱེད་ཅག་གི་སྤྱན་ལམ་དུ་བཤམས་པ་ལགས་ན། ཤེས་བྱའི་གནས་གང་ལའང་སྣང་ཆུང་མི་བྱེད་པའི་རང་རེའི་གནའ་མི་ཤེས་རབ་ཅན་ཚོའི་ཕྱག་སྲོལ་བཟང་པོ་འདི་རྒྱུན་སྐྱོང་གལ་ཆེ་བསམ་སྟེ་ཨ་འདུས་པས་སྦྱར་བ་དགེའོ། །
སླར་སྨྲས་པ།
ནང་པའི་དར་ཞེས་དད་པས་མཁའ་དབྱིངས་སུ་བསྒྲེངས་ཀྱང་ །།
དེ་ཡི་མཚོན་དོན་སྨྲ་ལ་ལྐུགས་པ་ལྟར་གྱུར་ཚེ། །
ལེགས་བཤད་ཟླ་བའི་སྒྲོན་མེ་གསར་པ་འདི་ཤར་བས། །
ཆོས་འབྱུང་ནམ་མཁའི་རང་ཞལ་ཇི་འདྲ་ཞིག་མཛེས་ཨང༌། །
མུ་འགོད།
དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།