མི་བརྟན་རྩྭ་རྩེའི་ཟིལ་བ་ཅི་ལ་འཐོར།

གླག་བུ་དོན་བཀྲ།

དྲན་པ་ཟླ་འོད་འོག་གི་གླུ་ཆུང་དེ། །
ཕ་ཡུལ་གཙང་བོ་དེ་ལ་ཤར་སྲིད་ན། །
རྟོག་འགྱུ་གསེར་མིག་ཉ་མོས་འཁྱུག་རྩལ་ཏེ། །
ཕ་ཡུལ་གཙང་བོ་དེ་ནས་མངོན་ན་འདོད། །

གཙང་བོ་ཟབ་དང་མི་ཟབ་ངས་མ་ཤེས། །
ཀླུ་རིགས་དགྱེས་དང་མི་དགྱེས་ངས་མ་ཚོར། །
ཡིན་ཡང་ངག་རིགས་པད་མའི་ལྡིང་ཁང་ནས། །
ཆུ་དང་ཆར་བའི་ཕུད་རེ་འབུལ་ན་འདོད། །

ཕ་ཡུལ་ཟེར་བའི་གདོད་མའི་ནགས་ཀླུང་དུ། །
ཕ་མ་གཉེན་ཉེ་ཟེར་བའི་རི་དྭགས་ཁྱུ། །
ཀུན་རྟོག་སྤང་ཐང་ཡངས་བའི་སྐྱེད་ཚལ་ལ། །
ཇི་ལྟར་ཉེ་བའི་ཚུལ་གྱིས་འཁོར་ལགས་སམ། །

ད་དུང་དུས་གསུམ་དུས་ཀྱི་བགྲོད་ལམ་ན། །
དགའ་སྡིག་གདོང་གི་རི་མོ་རྔམ་འཐུག་ཞིང་། །
སྐྱིད་སྡུག་དྲོ་གྲང་ཉི་མ་འགྱུར་སླ་བའི། །
མི་བརྟན་རྩྭ་རྩེའི་ཟིལ་བ་ཅི་ལ་འཐོར། །

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*