སེམས་ཉིད་རྗེས་འབྲང་གི་ཡོ་ལང་།

སོར་གདུབ། ནག་ཆུ།

གླུ་ལ་མཁས་པའི་སྒྲ་དབྱངས་ལྷ་མོ་ལ་མ་ཆགས། །
གར་ལ་བྱང་བའི་ཟླ་བའི་ལྷ་མོ་ལ་མ་འཕྲེང་། །
བརྩེ་བ་ལྷད་མེད་མེ་ཏོག་དྲི་བསུང་གི་ཁ་ཕྱོགས། །
ལས་དབང་རླུང་གིས་དེད་ནས་ཁྱོད་ཕྱོགས་སུ་ཤོར་སོང་། །

འཛམ་གླིང་འཁྲུགས་པའི་རྒྱུར་གྱུར་སི་ཏཱ་ཡི་མཛེས་དང་། །
ཧོར་གླིང་འཐབ་པའི་རྩད་གྱུར་འབྲུག་མོ་ཡི་འཛུམ་ལ། །
སྐད་ཅིག་ཡིད་སྨོན་མ་སྐྱེས་བརྩེ་གདུང་གི་ཟློས་གར། །
ཁྱོད་ཀྱི་མིག་སྔར་ཚོགས་དྲུག་སྨྱོན་བ་ལྟར་འཁྲབ་ཡོད། །

མཛེས་མཛངས་གཉིས་ལྡན་སྣང་ས་འོད་འབུམ་ལ་མ་བརྩེ། །
དྲི་ཟའི་གཙོ་མ་ཡིད་འཕྲོག་ལྷ་མོ་ལ་མ་དུང་། །
གྲགས་ཅན་བུད་མེད་དེ་ཚོའི་བསླུ་ཐབས་རང་བྲལ་བའི། །
སེམས་པ་འདི་ནི་ཁྱོད་ལ་དབང་མེད་དུ་ཤོར་སོང་། །

ལྟས་ཀྱང་མི་མཐོང་རི་ཆུ་སྟོང་ཕྲག་གི་ཕ་རོལ། །
སོང་ཡང་མི་སླེབས་ལེ་བར་ཁྲི་ཕྲག་གི་མཚམས་ཡིན། །
འོན་ཀྱང་ཁ་ཞེ་གཉིས་མེད་དྭངས་གཙང་གི་སྨོན་འདུན། །
གེགས་མེད་མྱུར་དུ་འཕྲད་པར་དཀོན་མཆོག་ལ་ཞུས་ཡོད། །

འཚོལ་ཡང་མི་རྙེད་རྒྱུས་མེད་མི་ཡུལ་གྱི་ལུང་པ། །
དྲན་ཀྱང་མི་འཕྲད་སྒྱུ་མའི་རྫུ་འཕྲུལ་ནི་མི་མངའ། །
མར་འགྲོའི་ཆུ་མོ་དེ་ལ་སྙིང་གཏམ་ཞིག་སྤྲིངས་ན། །
ཡར་ཡོང་སྤྲིན་པ་དེ་ལ་འཕྲིན་ལན་ཞིག་ཨེ་ཡོད། །

ཁུ་བྱུག་གསུང་སྙན་སྒྲོགས་ཤིང་སྐྱེ་དངོས་ནི་ཐམས་ཅད། །
གསོན་ཤུགས་རབ་ཏུ་འཕེལ་བའི་དཔྱིད་གསུམ་གྱི་དུས་དེར། །
དམར་སེར་མཚམས་སྤྲིན་གཏད་ནས་ཞེ་ཆགས་ཀྱི་ཚུལ་དུ། །
ཕྱག་གཡས་ཐོད་ལ་ཀེར་ནས་ངེད་ཕྱོགས་སུ་བལྟ་རོགས། །

དབྱར་གསུམ་སྦྲང་ཆར་མེ་ཏོག་སྤང་ཐང་གི་རྒྱན་དང་། །
རྟ་ནོར་ལུག་གསུམ་ནམ་མཁའི་སྐར་ཚོཊ་ཀྱི་དབུས་སུ། །
བཅུད་ལྡན་འོ་མས་བཀང་བའི་ཟེའུ་ཡི་ཁ་ནས། །
བདག་གི་ཚབ་ཏུ་མཆོད་པ་ལན་གསུམ་ཞིག་འཕེན་རོཊ། །

སྟོན་གསུམ་འབྲས་བུ་བསྡུ་ལ་གཡུར་ཟ་བའི་དུས་དེར། །
བར་མེད་ལས་ལ་ཞུགས་པས་ངལ་བ་ཡིས་གདུང་ཡང་། །
མཛའ་གླུ་སྙན་མོ་ཁྱོད་ཀྱི་མགྲིན་ངག་ལ་དྲངས་ནས། །
ང་ལ་བརྩེ་བ་མཚོན་པའི་ལ་གཞས་རེ་གཏོང་རོགས། །

དགུན་གསུམ་ཁ་བ་འབབ་ཅིང་ཟས་གོས་ཀྱིས་ཕྱུག་པའི། །
གནམ་ལོ་གསར་དུ་ཚེས་པའི་དགའ་སྟོན་གྱི་དུས་དེར། །
ཟ་འོག་གོས་དང་གསེར་དངུལ་རིན་ཆེན་གྱིས་སྤུད་པའི། །
ལང་ཚོའི་ཉམས་འགྱུར་བདག་ལ་བསྟེན་ཚུལ་ཞིག་འཛིན་རོཊ། །

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*