དྲིན་ཆེན་རྩ་བའི་བླ་མ་དྲན་པའི་སྐྱོ་གླུ།

༄༅། །མགོན་རིགས་བརྒྱ་ཡི་ཁྱབ་བདག་རྡོར་སེམས་དངོས། །ནམ་གཞོམ་མེད་ཀྱི་རྡོ་རྗེའི་སྐུ་བརྙེས་བཞིན། །བདག་རྨོངས་ པ་ཡི་མགོན་དུ་མ་བཞུགས་པར། །དེང་ཞིང་གཞན་ལ་ལ་ཕེབས་པའི་མཛད་པ་ལ། །ཡིད་སེམས་རེས་བཞིན་སྙིང་ལ་ཟུག་རྔུ་འབར། །རྗེ་སྐྱབས་ཀུན་གྱི་ངོ་བོ་རྡོ་རྗེ་འཆང༌། །མཛེས་དགེ་སློང་གི་འཇུག་རོལ་བླ་མ་རྗེར། །སེམས་ཀུན་གཞི་མ་སྐྱོ་བཞིན་ དད་མོས་ཀྱིས། །དུས་རྟག་ཏུ་ནི་གསོལ་ན་ཐུགས་རྗེས་གཟིགས། །དུས་ཚེ་སྔོན་གྱི་རྣམ་དཀར་འདུ་འཕྲོད་ལས། །རྗེ་ཚད་ལྡན་ གྱི་བླ་མ་ཁྱེད་ཀྱིས་བཟུང༌། །ཆོས་སྡོམ་གསུམ་གྱི་ཡང་སྙིང་ནོར་བུ་བསྩལ། །དྲིན་བཀའ་དྲིན་ཆེའོ་བླ་མ་དམ་པ་རྗེ། །སེམས་ གསལ་རིག་འདི་ཐུགས་དང་མ་འདྲེས་བར། །དུས་རྟག་ཏུ་ནི་སྐྱོང་བར་གསོལ་བ་འདེབས། །སྔོན་དེ་ལྟ་ཡི་སྐལ་བཟང་མྱངས་ ན་ཡང༌། །དེང་བདུད་རིགས་ཀྱི་གེགས་རྒྱལ་གཙོ་བོ་དེའི། །མེ་ཏོག་གི་མདའ་ཆར་རང་སེམས་ལ་ཐེབས། །དེ་དག་གིས་ ནི་རྟེན་འབྲེལ་འདུ་འཕྲོད་ལས། །ངས་དལ་རྟེན་འདི་ཟད་པ་མ་ཚོར་བར། །དོན་མནངས་ཆུང་ལ་ཁེ་ཆེན་བརྩི་རུ་ཤོར། །དེ་སེམས་བཞིན་དུ་སྐྱོ་བ་སྐྱེ་ཡིན་གདའ། །སྐྱབས་བསླུ་མེད་ཀྱི་མཆོག་གསུམ་བླ་མ་རྗེས། །ཁྱེད་ཐུགས་རྗེ་ཡི་གཟིགས་པ་མ་ཆུང་ བར། །སྤྲང་རྣམ་གཡེང་གི་བདུད་ལས་རབ་རྒྱལ་ཏེ། །སེམས་ཇི་གསོལ་མྱུར་འགྲུབ་ཀྱི་བྱིན་རླབས་སྩོལ། །ཞེས་པ་འདི་ནི་དྲིན་ཆེན་ རྩ་བའི་བླ་མ། ཚེ་རབས་གཏན་གྱི་སྐྱབས་གནས། སྐྱབས་མཆོག་འཁོར་ལོའི་མགོན་པོ། མཁན་ཆེན་རྡོ་རྗེ་འཆང་ཆེན་པོ་མཆོག་གློ་བུར་ཞིང་གཞན་ལ་ཕེབས་ པའི་མཛད་པ་བསྟན་པའི་གནས་ཚུལ་གོ་བའི་མཚན་མོ་རུ་སེམས་ཤིན་ཏུ་སྐྱོ་བཞིན་དུ་དྲིན་ཆེན་བླ་མ་དྲན་པའི་སྐྱོ་གླུ་འདི་ཉིད་རྨོངས་རྒན་མཁན་མིང་བསོད་ནམས་རྒྱ་མཚོས་བཅོམ་ལྡན་ཤཱཀྱ་ཐུབ་པའི་ཞིང་ཁམས་རྒྱ་གར་རྡོ་རྗེ་གདན་དུ་བྲིས་ཏེ་གསོལ་བའོ།། སརྦམངྒལཾ། དགེའོ། །དགེའོ། །དགེའོ། །

About གདོང་མཁན། 1038 Articles
སྤྱི་ཁྱབ་རྩོམ་སྒྲིག་པའི་ཟུར་མཆན། >> རྩོམ་སྒྲིག་པ་གདོང་མཁན་ལགས་ནི་གདོང་ཐོག་དགོན་གྱི་ལྟ་གྲུབ་སློབ་དཔོན་མཁན་པོ་ཀཿབྲག་དངོས་གྲུབ་བསོད་ནམས་ཡིན།

Be the first to comment

Leave a Reply

Your email address will not be published.


*