དཀྱུས་མ།
མགོ་རྙོག་མང་པོའི་འཁོར་བའི་གཏིང་རིང་ནས།།
འཇིག་རྟེན་འདི་ཡིས་བྲོ་བ་མྱོང་དགོས་པས།།
བློ་གཏད་བྲལ་བའི་མི་ངས་ཞེ་སེམས་འདིའི།།
དྭངས་པའི་སེམས་རྒྱུ་གཙང་མ་ཁྱོད་ཀྱིས་ཁྱེར།།
ཁྱོད་ཀྱིས་ངོམ་པའི་གཞོན་གྱི་ལོ་ཟླ་དེ།།
སུ་དང་མཉམ་དུ་བསྐྱལ་བ་བློ་གཏད་བྱས།།
དྲི་ཡིས་མ་གོས་ལང་ཚོ་གཙང་མ་དེ།།
སུ་ལ་ཕངས་མེད་བསྟབས་པ་དམ་བཅའ་བཞག།
ལྷད་མེད་བཅོས་མེད་སྐྱིད་ཀྱི་ཕྱེད་ཀ་དེ།།
དོན་དམ་བདེན་པར་སྨྲ་ན་སུ་ལ་སྟེར།།
ཆཊ་དགའ་གཉིས་ཀྱི་མཐར་གཏུཊ་དྲན་པ་རུ།།
དབང་མེད་མཛའ་བོ་སུ་ཞིག་ཡིད་ལ་འཁོར།།
ཐོག་མའི་བརྩེ་དུང་ཟུག་བག་རང་ཕྱོགས་བཞད།།
བར་གྱི་མཉམ་འགྲོགས་མཛའ་ཞེན་སྟོད་སུ་གནས།།
མཐའ་མར་གྱེས་ཁའི་ངུ་སྔངས་སུ་ལ་བྱས།།
བརྗེད་པར་དཀའ་བའི་ལས་དེར་ང་ལ་ཐོབ།།
འུ་གཉིས་བར་གྱི་ཐོག་མཐའི་བརྩེ་དུང་འདིར།།
རི་མོ་ཡིན་ཚེ་ལོ་ཟླ་འགའ་ཡང་བྲིས།།
ཚོན་མདངས་ཁྱོད་བྱས་པིར་སྨྱུག་ང་གྱུར་ནས།།
ཁོ་བོའི་སྙུག་རྩེ་ཕབ་སྟེ་ཡུན་ཙམ་འགོར།།
ད་རུང་དེ་ཉིད་སྙན་ངག་ཡིན་གྱུར་ན།།
ཚིག་སྦྱོར་ང་ཡིན་བརྗོད་བྱ་ཁྱོད་བྱས་ནས།།
ཡུན་ཙམ་འགོར་བའི་ལས་ཀྱི་རྣམ་ཐར་རུ།།
གཅིག་ཡང་མ་ལྷག་ཡོད་ཚད་བྲིས་ནས་ཡོད།།
ཚང་རྩིས་ཐོག་མར་ཁྱོད་ནས་མགོ་འཛུཊ་ཤིང་།།
གདེང་འཇོག་མཐའ་མར་ང་ལ་ཁུངས་གཏུག་ནས།།
ཁྱོད་རང་བསྐྱུར་བའི་ལོ་རྒྱུས་བྲིས་ནའང་།།
ལོ་རྒྱུས་དེ་ཉིད་ཆ་ཀ་ཡ་སྡེབ་འགྱུར།།
ཁྱོད་ཀྱིས་ང་ལ་མི་དགའ་ཟེར་ནའང་།།
ང་ཡིས་ཁྱོད་ལ་དུང་ལེན་མི་ཐུབ་སྟེ།།
སྙིང་སྡུག་སྨྲ་སའི་ཞེན་ཆགས་ཁྱོད་རང་ཡིན།།
བཅོས་མིན་ཟེར་བའི་གཅེས་ལོ་ཁྱོད་རང་ཡིན།།
རི་ཆུ་མང་པོས་བཅད་པའི་ཕལ་རོལ་ན།།
གོམ་ཐུང་བཅལ་ཏེ་ཁྱོད་རང་བཙལ་ན་འདོད།།
དགུན་ཟླའི་གྲང་ངར་ན་ཟུག་འདིའི་བསྲན་ཏེ།།
ཁྱོད་རང་བསྒུགས་པའི་སེམས་བྱུང་ང་ལ་ཡོད།།
དབང་ཐོབ་འབྱོར་ཚོགས་མ་བཤད་ང་ལ་མེད།།
གློ་ཁུག་ནང་དུ་དངུལ་རྡོག་འགའ་ཡང་མེད།།
ཅི་ཡང་མེད་པའི་ཕལ་བ་ཕལ་བ་ངས།།
ཡོད་ཚད་ཁྱོད་ལ་དོར་ཅིང་ཁྱོད་ལ་ཕུལ།།
མཚན་གྱི་རྨི་ལམ་དྲན་གདུང་རིང་མོའི་མནར།།
གདུང་བ་གསོན་པོ་ཁྱོད་དང་གླེང་སློང་བྱས།།
ང་དང་ཁྱོད་གཉིས་མཉམ་དུ་འཛོམས་སྐལ་འདུག།
བྲང་ཁོག་སྙིང་ཆུང་གཉིས་ཀྱང་མཉམ་དུ་འཕྱོ།།
བདག་སེམས་ཐོག་པར་མེད་པར་ཁྱོད་ལ་འཁོར།།
ཁྱོད་རང་མཐའ་དག་གླེང་བའི་ཡིག་འབྲི་དག།
ཤོག་དཀར་ངོས་སུ་བྲིས་ཏེ་མཚན་གཞུང་འདིར།།
མཛེས་ལྡན་ཕྱེ་ལེབ་དྲན་པའི་ཡུད་ཙམ་ཡིན།།
རྨི་ལམ་ཐེངས་མང་རྫོགས་ཏེ་དངོས་བྱུང་སྨྲ།།
ཐེ་ཚམ་མེད་པར་ཁྱོད་ལ་གཏན་དུ་དགའ།།
སླར་ཡང་དྲན་པ་ཁྱོད་རང་ཁེར་མོ་སྟེ།།
འདི་ནི་བསུབ་ཏུ་མེད་པའི་བདེན་སྨྲ་ཡིན།།
Leave a Reply